༢༠༡༦ ཟླ་ ༩ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༤ ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་གི་ཝུ་ཌི་སའེ་ཌེ་ཞེས་པའི་ས་ཁུལ་དུ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་གནང་ཡོད། དབུ་འབྱེད་མཛད་སྒོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཟུར་བློ་བཟང་བདེ་ལེགས་རིན་པོ་ཆེ་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། ཕྱི་ནང་གི་དད་ལྡན་མང་ཚོགས་བཅས་དབུ་འབྱེད་མཛད་སྒོར་ཕེབས་ཡོད།
མཁན་ཟུར་བློ་བཟང་བདེ་ལེགས་རིན་པོ་ཆེ་མཆོག་དང་སྐུ་མགྲོན་རྣམ་པས་བཀྲ་ཤིས་ཚིགས་བཅད་གསུངས་ཏེ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་དངོས་སུ་དབུ་འབྱེད་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས། མཁན་ཟུར་རིན་པོ་ཆེ་མཆོག་དང་དོན་གཅོད་ཁང་གི་སྐུ་ཚབ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ནས་མར་མེ་ཞལ་ཕྱེ་དང་། རིམ་བཞིན་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་གསོལ་ཇ་འབྲས་སིལ་གནང་།
དེ་ནས་མཁན་ཟུར་མཆོག་གིས་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་འཛུགས་དགོས་པའི་དམིགས་ཡུལ་དང་དགོས་པ་ངོ་སྤྲོད་གནང་རྗེས། རང་ཅག་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་སུ་གཅིག་ཀྱང་མེད་པས་ཚང་མས་མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་དང་མཐུན་པ་བྱེད་དགོས་པའི་སྐོར་དང་། ཆོས་དང་འཇིག་རྟེན་གང་ཡིན་རུང་༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་ནུས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་ནི་ད་ལྟའི་སྐབས་འདིར་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་མི་སེམས་འགུལ་བའི་གསུང་བཤད་གནང་གྲུབ་མཚམས།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ཆོས་རྫོང་ལགས་ཀྱིས་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་རྗེས། ནིའུ་ཡོག་དང་ནིའུ་འཇར་སི་མི་མང་ཚོས་སྤྱི་ཁང་ཕུན་ཚོགས་སྡེ་བཞི་བཟོ་བཅོས་ཀྱི་ལས་གཞིའི་ཆེད་ཐུགས་འཁུར་ཆེ་བཞེས་གནང་དང་གནང་བཞིན་པར་དམིགས་སུ་བཀར་ནས་བསྔགས་བརྗོད་གནང་།
དེ་ནས་གཅོད་ཁང་གི་སྐུ་ཚབ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། བྱང་ཨ་རི་ཁུལ་ནས་བོད་མི་མང་ཤོས་ཡིན་པའི་ནིའུ་ཡོག་ཁུལ་དུ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་བཙུགས་ཐུབ་པ་འདིས་ས་གནས་མང་ཚོགས་དང་། ལྷག་པར་བོད་རིགས་གཞོས་སྐྱེས་རྣམས་ཀྱི་རྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་བྲོ་བ་འཇགས་པ་བྱེད་རྒྱུའི་ལས་དོན་སྤེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་མ་ཟད། ནང་ཆོས་ལ་དོ་སྣང་ཡོད་པའི་ཕྱི་རྒྱལ་གྱི་མི་རིགས་རྣམས་ལ་ཡང་ཞབས་ཞུ་ངེས་ཅན་བསྒྲུབ་ཐུབ་པའི་སྐོར་དང་། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལ། མ་འོངས་པར་བྱང་ཨ་རིའི་ནང་ཡོད་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པའི་ཆོས་ཚོགས་ཁག་དང་སྐུ་ཚབ་དོན་གཅོད་ཁང་དབར་འབྲེལ་བ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུའི་དགོངས་པ་ཡོད་པ་ལྟར། སྐུ་ཚབ་དོན་གཅོད་ཁང་ནས་མ་འོངས་པར་དེ་གའི་རིག་གཞུང་བསྟི་གནས་ཁང་དང་འབྲེལ་བ་དམ་ཟབ་འཇོག་རྒྱུ་ཡིན་པའི་སྐོར། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ཐད་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་ལེགས་སྐྱེས་ངེས་ཅན་འབུལ་ཐུབ་རྒྱུར་རེ་བ་དང་ཡིད་ཆེས་ཡོད་པའི་སྐོར་གསུངས།
དེ་རྗེས་རིག་གཞུང་བསྟི་གནས་ཁང་གི་ཚོགས་གཙོ་དགེ་བཤེས་ངག་དབང་བྱང་ཆུབ་ལགས་ཀྱིས་བསྟི་གནས་ཁང་གི་ལས་སྡོམས་སྙིང་བསྡུས་ངོ་སྤྲོད་གནང་བར་གཞིགས་ན། བསྟི་གནས་ཁང་གསར་འཛུགས་གནང་རྒྱུའི་ཐོག་མའི་དགོངས་པ་དེ་ཕྱི་ལོ་ ༢༠༠༡ ལོར་འཁོར་ཞིང་། དེ་རྗེས་ཁྲིམས་མཐུན་དེབ་སྐྱེལ་དང་། ས་ཁང་འཚོལ་ཉོ། སྐུ་གསུང་ཐུགས་རྟེན་བཞེངས་རྒྱུ་སོགས་ཀྱི་ལས་དོན་རྣམས་རིམ་བཞིན་འགོ་འཛུགས་གནང་བ་བཅས་ཁྱོན་ལོ་ ༡༥ ཙམ་འགོར་ཡོད་འདུག སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་ཐུབ་བསྟན་དབང་ཕྱུག་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་ལེགས་པར་གྲུབ་ཡོད། །