༢༠༡༦ ཟླ་ ༩ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གིས་ཕྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༣༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ལ་ཕེབས་སྐྱེལ་དང་། སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་ལ་ཕེབས་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའུ་མེ་ཁ་ཆི་ Matteo Mecacci ལགས་ཀྱིས་སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐོག་མར་འགོ་བཙུགས་པ་ནས་ད་བར་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་འབྲེལ་བ་དམ་ཟབ་བྱུང་ཡོད་པ་མ་ཟད། ཕན་ཚུན་མཉམ་ལས་བྱེད་རྒྱུའི་གོ་སྐབས་ཡང་བྱུང་ཡོད་པ་མ་ཟད། དབུ་དཀར་ཚང་སྐལ་རྡོར་ལགས་ཀྱི་དོན་གཅོད་ལས་ཡུན་རིང་ལའང་མཉམ་ལས་བྱ་རྒྱུའི་གོ་སྐབས་བྱུང་སྐོར། འབྱུང་འགྱུར་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ངོས་ནས་སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་དང་ལྷན་མུ་མཐུད་ཕྱག་ལས་གནང་རྒྱུ་གལ་ཆེར་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས།
དེ་བཞིན་དབུ་དཀར་ཚང་སྐལ་རྡོར་ལགས་ནས། འདས་པའི་ལོ་གསུམ་ནང་སྐུ་ཚབ་དོན་ཁང་དུ་ཕྱག་ལས་གནང་རིང་ཉམས་མྱོང་དང་། ལས་དོན་གཙོ་བོ་ཇི་གནང་སྐོར་གསུང་པ་དང་ཆབས་ཅིག བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། ཆེད་དུ་ཕེབས་པའི་གྲོས་ཚོགས་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་བཅས་ཀྱི་བོད་དོན་འབྲེལ་ཡོད་ལས་བྱེད་བཅས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་སུའང་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་སྐུལ་ཞུས་གནང་།
དེ་རྗེས་སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཛད་སྒོ་གོ་སྒྲིག་གནང་བ་དང་། འདུ་འཛོམས་དུ་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མ་འོངས་ལོ་ཟླའི་ནང་རིམ་བཞིན་འབྲེལ་བ་ཡོང་རྒྱུར་བརྟེན་ཚང་མས་སྔར་ལྷག་རྒྱབ་སྐྱོར་ཡོང་བ་དང་། དོན་གཅོད་ཁང་གི་ངོས་ནས་དུས་ནས་དུས་སུ་འབྲེལ་ལམ་ཞུ་རྒྱུ་ཡིན་སྐོར་གསུངས།
རྒྱས་བསྡུས་འཚམས་པའི་སྣེ་ལེན་གྱི་འདུ་འཛོམས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཕྱག་རོགས་དང་། ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། ནིའུ་ཡོག་ནས་ཆེད་དུ་ཕེབས་པའི་བོད་ཀྱི་ཐེབས་རྩའི་འགན་འཛིན་དང་། རྒྱུན་ལས་ཚོགས་ཆུང་གི་འགན་འཛིན། ཨ་རིའི་མང་གཙོ་ཐེབས་རྩ་ཁང་ NED གི་འགན་འཛིན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། སྤྱི་མང་སྟོབས་ཤུགས་ཚོགས་པའི་འགན་འཛིན་རྒྱ་རིགས་མཁས་དབང་ཡང་ཅན་ལི། ས་གནས་བོད་མི་བཅས་ཁྱོན་མི་གྲངས་ ༦༠ ལྷག་ཙམ་སྣེ་ལེན་གྱི་འདུ་འཛོམས་པ་ཕེབས་ཡོད་པ་དང་། དགོང་དྲོའི་ཆུ་ཚོད་ ༨ ཐོག་འདུ་འཛོམས་མཇུག་སྒྲིལ་གནང་ཡོད་པ་བཅས།།