ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༩ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་ཚན་པའི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བར་སྦེང་ལོར་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་ལས་རིགས་འདྲ་མིན་ཐོག་སྦྱོང་བརྡར་གནང་བཞིན་པའི་སློབ་ཕྲུག་གྲངས་ ༣༧ ལ་ཚོང་ལས་ཡར་རྒྱས་དང་བུད་མེད་ནུས་སྟོབས་གོང་སྤེལ་གཏོང་ཐབས་དང་འབྲེལ་བའི་ཟབ་སྦྱོང་དེ་བཞིན་མཇུག་སྒྲིལ་ཡོད།
དེ་ཡང་ཐེངས་འདིའི་ཟབ་སྦྱོང་སྐབས་ཟབ་ཁྲིད་གནང་མཁན་རྒྱ་གར་གྱི་ཆེས་མཐོའི་རྩིས་ཞིབ་པ་སཐ་ཏི་ཡཱ་ཀུ་མཱར་ལགས་ཀྱིས་རྒྱ་གར་ནང་ཚོང་ལས་ཡར་རྒྱས་དང་འབྲེལ་མ་འོངས་མདུན་ལམ་གྱི་སྐོར་སློབ་ཁྲིད་གནང་ཡོད་པ་མ་ཟད། བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ འབྲེལ་ཡོད་ལས་བྱེད་བདེ་ཆེན་དབང་མོ་ལགས་ཀྱིས་ཚོང་ལས་ཡར་རྒྱས་དང་བུད་མེད་ཡར་ཐོན་ཚོང་པ་ཆགས་པར་འགོག་རྐྱེན་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད། དེ་ནས་ཕྱི་ལོ་ ༢༠༠༦ ལོར་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་ནས་སློབ་ཐོན་བྱུང་བའི་སློབ་མ་སྐྲ་བཟོ་བ་ཟླ་བ་ལགས་དང་ཕྱི་ལོ་ ༢༠༠༨ ལོར་སློབ་ཐོན་བྱུང་པའི་སློབ་མ་མཛེས་བཟོ་བ་བསྟན་འཛིན་ནོར་དབྱངས་ལགས་གཉིས་ཀྱིས་ནི་ལ་མངྒ་ལའི་སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་མྱོང་ཚོར་དང་ལས་རིགས་སྦྱོང་བརྡར་འདི་བརྒྱུད་དོ་བདག་ལམ་ལྷོངས་བྱུང་ཚུལ་དེ་བཞིན་གཞོན་སྐྱེས་སྦྱོང་བརྡར་བ་རྣམས་ལ་དངོས་སུ་ཆེད་ལས་འདི་གལ་གནད་ཇི་ཡིན་བསམ་བློའི་ཀུན་སློང་བསྐྲུན་ཡོད།
མཐར་སློབ་ཕྲུག་རྣམས་ནས་ཟབ་སྦྱོང་འདི་བརྒྱུད་མ་འོངས་པར་རང་མགོ་རང་ཐོན་ཐུབ་པའི་ཡར་ཐོན་ཚོང་པ་ཞིག་ཆགས་ཐུབ་རྒྱུར་ཕན་ཐོགས་བྱུང་ཡོད་སྐོར་སོགས་ཀྱི་བསམ་ཚུལ་བྱུང་ཡོད་པ་བཅས།།