ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༩ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༩ ཉིན་ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་ན་གཞོན་དགེ་འདུན་པ་དང་། མི་སྐྱ་ཕོ་མོ་བཅས་མི་གྲངས་ ༡༦ བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། བོད་ཀྱི་རིག་གཞུང་ལྟེ་གནས་ཁང་སོགས་སྡེ་ཚན་ཁག་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་ལྟར། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ཁོང་རྣམས་འདི་ག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་སྤྱི་ལྷན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཁོང་ཚོ་རྒྱ་གར་དུ་བདེ་བར་ཕེབས་འབྱོར་ཐུབ་པར་དགའ་བསུ་འཚམས་འདྲིའི་མཇལ་དར་རེ་གནང་སྟེ་བོད་མིའི་སྒྲིག་འཛུགས་སྤྱི་དང་། ཁྱད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབངསོགས་ངོ་སྤྲོད་སྙིང་བསྡུས་དང་། བོད་མི་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱི་གྲིབ་བསིལ་འོག་རྒྱལ་སྤྱིའི་ནང་ཆབ་སྲིད་སོགས་གང་ཅིའི་གནས་སྟངས་གང་ལེགས་ཡོད་སྐོར་གསུངས་ཞིང་། མཐར་ན་གཞོན་སློབ་ཕྲུག་ཁྱེད་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ཀྱི་གནས་སྟངས་དང་གནས་ཚུལ་རིམ་པས་ཤེས་རྟོགས་ཡོང་རྒྱུར་ཞིབ་ཕྲ་ཞུ་མི་དགོས་པར་རང་རང་སློབ་གཉེར་ཆེད་གྲྭ་ས་ཁག་དང་། སློབ་གྲྭ་ཁག་སོགས་སུ་ཕེབས་རྒྱུ་ལྟར་སློབ་གཉེར་ལ་ཧུར་བསྐྱེད་དང་། བོད་མིའི་འཐབ་རྩོད་ཐོག་ལངས་ཕྱོགས་བརྟན་བཟུང་གནང་རྒྱུ། སྤྱི་ཚོགས་ནང་སྐྱོན་གནད་རེ་ཟུང་ཙམ་ཡོང་བར་ཡིད་ཐད་མི་ཆད་པར་བསམ་རྒྱ་ཆེ་བསྐྱེད་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པའི་གནས་ཚུལ་དུ།།