༢༠༡༦ ཟླ་ ༨ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཚོགས་འདུས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ལ་དྭགས་པ་གཙོ་བོར་གྱུར་པའི་བོད་མི་དང་། གཞན་ཡང་ཕྱི་རྒྱལ་བ་བཅས་དད་ལྡན་ཆོས་ཞུས་བ་ཆིག་ཁྲི་བརྒལ་བར་ཉིན་བཞིའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་སྐབས་བཀའ་སློབ་སྩལ་དོན། དེ་རིང་ལ་དྭགས་ཀྱི་མི་མང་ཐང་ཆེན་དུ་སླར་ཡང་ཐུག་སྟེ་སྤྱོད་འཇུག་ཉིན་གྲངས་གསུམ་དང་ཐུགས་རྗེ་ཆེན་མོའི་དབང་ཆེན་ཉིན་གཅིག་བྱས་གང་ལྟར་མང་ཚོགས་ལ་ཆོས་འབྲེལ་བྱེད་རྒྱུ་འདི་ལྟར་ཡིན། ཆོས་ལ་དད་པ་ཡོད་མཁན་ཚོས་སངས་རྒྱས་པའི་ཆོས་དེ་གང་འདྲ་ཡིན་པ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་ཆོས་ལ་དད་པ་ཡོད་ཀྱང་སངས་རྒྱས་པའི་ཆོས་ཀྱི་ངོ་བོ་དང་ཁྱད་པར་གང་འདྲ་ཡིན་པ་མ་ཤེས་ན། དད་པ་དེ་ཡང་ལམ་དང་ལུགས་སྲོལ་ལྟ་བུ་ཆགས་འགྲོ་བཞིན་ཡོད། ང་ཚོའི་ཕ་མེས་དང་སྤྱི་ཚོགས་ནང་པ་ཡིན་ཟེར་རྒྱུ་ཙམ་མ་གཏོགས། སངས་རྒྱས་པའི་ཆོས་ཀྱི་ངོ་བོ་དང་ཁྱད་པར་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་རི་ཁ་ཐུག་ཟོལ་མེད་བྱས་ཏེ་བཤད་ན། དེ་སྔ་བོད་ལ་ཡིན་ནའང་མང་ཚོགས་ཀྱིས་ཆོས་དེ་ཙམ་ཤེས་ཀྱི་མེད། དད་པ་ཡོད་ཀྱང་འདི་ལྟར་བྱས་ནས་འགྲོ་གི་ཡོད། ད་ང་ཚོ་དུས་རབས་ ༢༡ ནང་སླེབས་ཡོད། ང་ཚོས་ཆོས་དེ་སྲོལ་རྒྱུན་ལྟར་ལམ་དང་ལུགས་སྲོལ་ཐོག་ཕྱིན་ན་དུས་རབས་ ༢༡ དང་མཐུན་པ་ཞིག་བྱུང་མེད།
དེར་བརྟེན་སངས་རྒྱས་པའི་ཆོས་དེ་གང་འདྲ་ཡིན་པ་ཤེས་པར་བྱས་ཏེ་དེ་ལྟ་བུའི་ཐོག་ནས་སོ་སོས་བསམ་བློ་ཡག་པོ་བཏང་ནས་བརྟག་དཔྱད་ཡག་པོ་བྱས་རྗེས། སངས་རྒྱས་པའི་ཆོས་དེ་ཕན་ཐོགས་འདུག་ན་ཉམས་སུ་བླངས། ཕན་ཐོགས་མེད་ན་གཡུག་ཤོག དེ་སོ་སོའི་རང་དབང་རེད། ཁྲལ་དང་ཁྲིམས་ཀྱི་བཟོ་འདྲ་འཁྱེར་དགོས་མེད། དེར་བརྟེན་ངོས་ཀྱིས་ཆོས་འབྲེལ་ནམ་བྱེད་སྐབས་ནང་ཆོས་ངོ་སྤྲོད་དང་འགྲེལ་བཤད་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག དེར་བརྟེན་དེ་རིང་འདིར་སྤྱོད་འཇུག་འགོ་བཙུགས་ཏེ་ཉིན་གྲངས་གསུམ་གྱི་རིང་སྤྱོད་འཇུག་དང་དེའི་ཐོག་ཤེས་རབ་སྙིང་པོའི་འགྲེལ་བཤད་བརྒྱབ་དགོས་བསམ་དྲན་ཡོད། ངོ་སྤྲོད་ཀྱི་ཚུལ་དུ་འགོ་དེར་ངོས་ཀྱིས་ཕྲན་བུ་བཤད་ཀྱི་ཡིན། དངོས་གཞི་གཞུང་དེ་ཤེས་རབ་སྙིང་པོ་དང་སྤྱོད་འཇུག་འཁྲིད་རྒྱུ་དང་། འཕྲོས་དེ་ལོ་རྗེས་མར་བྱེད་རྒྱུའི་འདུན་པ་འདི་ལྟར་ཡིན། མཇུག་ཏུ་བྱིན་རླབས་ཡོང་ཆེད་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱེད་རྒྱུ་ཡིན།
སྔོན་ལ་ཉིན་མ་དང་པོ་དེར་རྒྱུན་ཆགས་གསུམ་པ་འདོན་རྒྱུ་ཡིན། རྒྱུན་ཆགས་གསུམ་པ་དེ་ཕལ་ཆེར་པཱ་ལིའི་གཞུང་ནང་ཚིག་ཕྲན་བུ་མི་འདྲ་བ་ཡོད་པ་མ་གཏོགས་ཐུན་མོང་རེད་འདུག དེའི་མཇུག་ཏུ་ཤེས་རབ་སྙིང་པོ་འདོན་རྒྱུ་ཡིན། ང་ཚོ་འདིར་ཆོས་འཆད་ཉན་བྱེད་ཀྱི་ཡོད། ཟློས་གར་འཁྲབ་པ་དང་ཚོགས་འདུ་བཟོ་འདྲ་བྱེད་ཀྱི་མེད། ཆོས་འཆད་ཉན་བྱེད་རྒྱུ་དེ་བློ་བཅོས་ཐབས་ཆེད་ཡིན། དེར་བརྟེན་ཐོག་མར་ཆོས་འཆད་ཉན་བྱེད་སྐབས་ཀུན་སློང་རྣམ་པར་དག་པ་དགོས། ངོས་རང་ཆོས་འཆད་པ་པོ་རེད། ཆོས་འཆད་པ་པོའི་ངོས་ནས་ཚེ་འདིའི་བསྙེན་བཀུར་དང་སྙན་གྲགས་ཀྱི་ཐོག་ནས་ཆོས་བཤད་ན་ཁྲི་འདིའི་སྒང་ནས་སྡིག་པ་བསགས་ཀྱི་ཡོད། ཆོས་འཚོང་གི་ཡོད། དེར་བརྟེན་འཆད་པ་པོའི་ངོས་ནས་བསམ་པ་རྣམ་དག་སྒོ་ནས་བཤད་རྒྱུ་དང་། ཉན་པ་པོའི་ངོས་ནས་ཀྱང་། དཔེར་ན། ༸རྒྱལ་བ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་གི་ཁྲིད་ཐོབ་སོང་ཞེས་མི་གཞན་ལ་ངའི་ཆོས་བརྒྱུད་དེ་༸རྒྱལ་བ་རིན་པོ་ཆེ་ནས་རྒྱུད་པ་ཞིག་ཡིན་ཞེས་སོ་སོའི་མིང་བཟོ་ཆེད་བསྙེན་བཀུར་དང་སྙན་གྲགས་ཀྱི་བསམ་བློ་བཏང་ནས་ཕྱིན་ན་སྡིག་པ་གསོག་གི་ཡོད། ངོས་ཀྱི་ངོས་ནས་སེམས་པ་རྣམ་དག་ཅིག་གི་སྒོ་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་རེ་དོགས་ཀྱི་བསམ་བློ་མེད་པར་བཤད་རྒྱུ་དང་། ཁྱེད་རང་ཚོའི་ངོས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་རེ་དོགས་ཀྱི་བསམ་བློ་མེད་པ་བྱས་ན། ཆོས་ཆོས་སུ་སོང་བ། སྐབས་འདིར་ཆོས་དེ་ཡང་བྱང་ཆུབ་སེམས་པའི་སྡེ་སྣོད་ཀྱི་ཆོས་ཆགས་བསྡད་ཡོད། བྱང་ཆུབ་སེམས་པའི་ཆོས་དེ་བྱང་ཆུབ་སེམས་པའི་ཆོས་སུ་སོང་རྒྱུར་ཀུན་སློང་ལ་རགས་ལས་ཡོད།
དེར་བརྟེན་སྐབས་འདིར་སངས་རྒྱས་ཀྱི་ཆོས་དེའི་ནང་ཚན་ནས་བྱང་ཆུབ་སེམས་པའི་རྣམ་མཁྱེན་བསྒྲུབ་རྒྱུའི་ཆོས་འཁོར་ཞིག་འཆད་ཀྱི་ཡོད་སྟབས། སྐྱབས་འགྲོ་དང་སེམས་བསྐྱེད་ཡིས་ཟིན་པ་ཞིག་དགོས། སངས་རྒྱས་ཆོས་ཚོགས་མ་ཕལ་ཆེར་ང་ཚོ་ཚང་མས་བློར་ཡོད་པ་དེ་ཚར་གསུམ་ང་ཚོ་མཉམ་དུ་འདོན་ནས། བླ་མ་དང་སློབ་མ་གཉིས་ཀས་ཀུན་སློང་ཡག་པོ་ཞིག་བཅོས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །ཞེས་པའི་ཚིག་རྐང་གཉིས་པོ་དེ་སྐྱབས་འགྲོ་ཆགས་ཀྱི་རེད། སྤྱིར་ཆོས་ལུགས་ཚང་མའི་ནང་རང་རང་གི་སྐྱབས་གནས་ཡོད། སྐྱབས་གནས་ལ་རྩེེ་གཅིག་ཏུ་སྐྱབས་སུ་འགྲོ་གི་ཡོད། སྔོན་མ་ངོས་ཀྱི་ངོ་ཤེས་ཡེ་ཤུའི་བླ་མ་ཞིག་ཡོད། ཁོང་དང་ངེད་གཉིས་ཐེངས་གཅིག་ཐུག་སྐབས་ཁོང་གིས་རོལ་མོ་ཞིག་དཀྲོལ་ཏེ་དཀོན་མཆོག་ལ་བསྟོད་པ་འབུལ་སྐབས་མིག་ནས་མཆི་མ་འཐོན་རྒྱུ་དེ་འདྲ་བྱུང་སོང་། ངོས་ཀྱིས་ཧ་ཅང་ཡག་པོ་རེད་དྲན་བྱུང་། རང་གི་སྐྱབས་གནས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་ཧ་ཅང་ཡག་པོ་རེད། ཁ་ཆེའི་ཆོས་པ་ཞིག་ཡིན་ན་ཨ་ལ་ལ་སྐྱབས་སུ་འགྲོ་རྒྱུ་དང་། ཡེ་ཤུའི་ཆོས་པ་ཞིག་ཡིན་ན་དཀོན་མཆོག་ལ་སྐྱབས་སུ་འགྲོ་རྒྱུ་བཅས་ཆོས་ལུགས་ཚང་མར་རང་རང་གི་སྐྱབས་གནས་གཅིག་ཡོད་པ་དེར་རྩེ་གཅིག་ཏུ་སྐྱབས་འགྲོ་བྱེད་དགོས་རེད། རང་རང་གི་ཆོས་ལུགས་ཀྱི་སྐྱབས་འགྲོས་རྩིས་ཟིན་པའི་ཐོག་ནས་གཞན་ལ་གནོད་སེམས་སྤོང་རྒྱུ། གཞན་ལ་ཕན་པ་བསྒྲུབ་རྒྱུ། མཐར་གཏུགས་ན་སེམས་པ་བཟང་པོ་བྱེད་དགོས། བྱམས་བརྩེའི་ཉམས་ལེན་བྱེད་རྒྱུ་དེ་ལྟ་གྲུབ་ཡོད་པའི་ཆོས་ལུགས་གཙོ་ཆེ་ཚང་མར་ཡོད། སངས་རྒྱས་པའི་སྐྱབས་སུ་འགྲོ་རྒྱུའི་སྐྱབས་འགྲོའི་ཡུལ་དེ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་གསུམ་བཤད་པ་རེད། དེ་བཤད་དགོས་དོན་ནི། དཔལ་ལྡན་ཟླ་བ་གྲགས་པའི་སྐྱབས་འགྲོ་བདུན་ཅུ་པའི་ནང་།
སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས།
ཞེས་གསུངས་ཡོད། ཚིག་འདི་གནད་འགག་ཆེན་པོ་རེད། སངས་རྒྱས་དང་ཆོས། དགེ་འདུན་གསུམ་པོ་ནི་ཐར་པ་འདོད་མཁན་གང་ཟག་གི་སྐྱབས་གནས་རེད། སངས་རྒྱས་པའི་སྐྱབས་ཡུལ་གསུམ་བཤད་པའི་ནང་ནས་གཙོ་བོ་ཆོས་དཀོན་མཆོག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།