༢༠༡༦ ཟླ་ ༨ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་ཨི་ཊ་ལིའི་དབུས་སུ་ཆགས་པའི་རྒྱལ་ས་རོམ་གྱི་ཉེ་འགྲམ་དུ་ཨ་མི་ཊི་ཆེ་ Amatrice ཟེར་བའི་གྲོང་གསེབ་གཙོ་བོར་གྱུར་བའི་ས་ཁུལ་ཁག་གཅིག་ནང་ས་ཡོམ་འགུལ་ཚད་ ༦ ཅན་ཞིག་བརྒྱབ་སྟེ་མི་གྲངས་ ༢༥༠ ལྷག་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། སྡོད་ཁང་ཧ་ཅང་མང་པོ་ཞིག་རལ་དུ་སོང་བ་སོགས་ལ་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༦ ཉིན་ཨི་ཊ་ལིའི་སྲིད་འཛིན་སྐུ་ཞབས་སར་ཇིའོ་མ་ཏ་རེལ་ལ་ Mr Sergio Mattarella མཆོག་གི་མཚན་ཐོག་གདུང་སེམས་མཉམ་སྐྱེའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐེངས་འདིར་དབུས་ཨི་ཊ་ལིའི་ས་ཁུལ་དུ་ས་ཡོམ་བརྒྱབ་པའི་རྐྱེན་གྱིས་མི་གྲངས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བར་སྙིང་ཐག་པ་ནས་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལིའི་གྲོས་ཚོགས་དང་མི་མང་གི་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་ ༥ ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཚོགས་ཐུབ་པ་བྱུང་ཡོད། དེར་བརྟེན་ང་ཚོས་ཨི་ཊ་ལིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པ་དེར་བཀའ་དྲིན་བསམ་ཤེས་ཐོག ད་སྐབས་ཁྱེད་རྣམས་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་དུས་སྐབས་འདིར་ང་ཚོས་ཨི་ཊ་ལིའི་གཞུང་མང་གཉིས་ལ་སྙིང་ཁུང་རུས་པའི་གཏིང་ནས་གདུང་སེམས་མཉམ་སྐྱེ་དང་སེམས་གསོ་ཞུ་རྒྱུ་ཡིན། འབྱུང་བའི་གོད་ཆག་ལ་བརྟེན་ནས་འདས་གྲོངས་སུ་གྱུར་བ་རྣམས་ལ་སྨོན་ལམ་ཞུ་རྒྱུ་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་དཀའ་སྡུག་ཧ་ཅང་ཆེ་བའི་དུས་སྐབས་འདིར་སྙིང་སྟོབས་ཆེན་པོས་གདོང་ལེན་གནང་ཐུབ་པ་དང་། མི་རིང་བར་སྔར་མུས་བཞིན་ཞི་བདེའི་འཚོ་བར་རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་འཁོད་འདུག