༢༠༡༦ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན།
ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་མགྲོན་འབོད་ལྟར། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། ཁྲིམས་རྩོད་པ་གྲགས་ཅན་རྒྱ་རིགས་སྐུ་ཞབས་གྲན་ཀོང་ཁྲན་Chen Guangcheng དང་། ཁོང་གི་སྐུ་ཟླ་ཝེ་ཅིང་གཉིས་ཕྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༩ ཉིན་ཝ་ཤིང་ཀྲོན་ཌི་སིར་ཡོད་པའི་ཨ་རིའི་སྐུ་ཚབ་གཅོད་གཅོད་ཁང་དུ་ཕེབས་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་སྐུ་ཞབས་གྲན་ལ་འཚམས་འདྲི་དང་འབྲེལ་ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་དོ་སྣང་གནང་བ་ཙམ་མ་ཟད། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་སྐབས། སྐུ་ཞབས་གྲན་གྱིས་ཁོང་སྐུ་ཚབ་དོན་གཅོད་ཁང་དུ་བཅར་ཐུབ་པར་དགའ་པོ་བྱུང་ཞེས་གསུངས་པ་མ་ཟད། བོད་དོན་ཐག་གཅོད་ཡོང་བར་རྒྱ་རིགས་དང་འབྲེལ་བ་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་སྐོར་དང་། ཁོང་རྒྱ་ནག་ཏུ་ཡོད་སྐབས་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་དམ་བསྒྲགས་ཆེ་རྐྱེན་བོད་དོན་སྐོར་དེ་ཙམ་གོ་དཀའ་ཞིང་། རྒྱུན་དུ་གོ་བ་ནི་རྒྱ་ནག་གུང་བྲན་གཞུང་གི་དྲིལ་བསྒྲགས་ཁོ་ན་ཡིན་ན་ཡང་། རྒྱ་གཞུང་གིས་བཤད་པ་རྣམས་ལ་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད་ལ། བཤད་པ་དེ་དག་བདེན་པ་ཡིན་མིན་བརྩད་གཅོད་ཀྱང་བྱེད་ཀྱི་མེད། ཅེས་གསུངས། ཁོང་གིས་ད་ལྟའི་གནས་སྐབས་དང་། ལྷག་པར་དུ་༸གོང་ས་མཆོག་གསར་༸ཞལ་འཚོ་བཞུགས་རྒྱ་ནག་གུང་བྲན་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་ཚུལ། ༸གོང་ས་མཆོག་གིས་བོད་རང་བཙན་རྩོད་བཞིན་ཡོད་ཚུལ་སྐོར་ཕྱོགས་ཡོངས་ནས་དྲིལ་བསྒྲགས་སྤེལ་བ་དེ་དག་རྫུན་གཏམ་ཡིན་པ་རྒྱ་རིགས་སྤྱི་ཚོགས་ཁྲོད་སྒོ་གང་ས་ནས་གསལ་པོ་བཟོ་ཐུབ་པ་གནང་རྒྱུ་འདི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པའི་དགོངས་འཆར་གནང་།
རྒྱ་རིགས་འབྲེལ་མཐུད་པས་སྐུ་ཞབས་གྲན་ལ། བོད་ནང་ད་ལྟའང་གནས་སྟངས་ཧ་ཅང་ཁག་པོ་ཡིན་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་ངོ་བོ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པའི་ཐོག་ནས་རྒྱུན་སྐྱོང་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་ནས། རིང་མིན་སྐུ་ཚབ་དོན་གཅོད་གསར་རྙིང་འཕོ་ལེན་གནང་གི་ཡོད་ནའང་། སྐུ་ཞབས་གྲན་གྱི་ཕྱོགས་ནས་བོད་དོན་ཐོག་སྔར་བཞིན་ཐུགས་སྣང་དང་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་ཡིད་ཆེས་ཡོད་སྐོར་གསུངས།
སྐུ་ཞབས་གྲན་དང་མཇལ་མོལ་གྲུབ་རྗེས་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་སྐུ་ཞབས་གྲན་ལ་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམས་ངོ་སྤྲོད་ཞུས་རྗེས་གྲན་དང་ཁོང་གི་སྐུ་ཟླ་ཝེ་ཅིང་དོན་ཁང་ནས་ཕེབས་སྐྱེལ་ཞུས། སྐབས་དེར་གྲན་གྱིས་ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་ཐེངས་དང་པོར་མཇལ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་པ་བཟང་པོ་ཡིན་པ་དང་། མ་འོངས་པར་གོ་སྐབས་འོས་འཚམས་ཞིག་བྱུང་མཚམས་༸གོང་ས་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྒྱ་གར་རྡ་རམ་ས་ལར་ཕེབས་འདོད་ཡོད་སྐོར་གསུངས།
སྤྱིར་སྐུ་ཞབས་གྲན་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་ནས་ཨ་རིར་ཕེབས་ཡོད་པ་དང་ལོ་དེའི་ཟླ་བ་ ༡༠ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཐོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་བཞུགས་གནས་མགྲོན་ཁང་ Loews Rengency Hotel དུ་ཁོང་དང་ཁོང་གི་ནང་མི་ནས་༸གོང་ས་མཆོག་མཇལ་བཅར་ཞུས་ཡོད་འདུག