༢༠༡༦ ཟླ་ ༨ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཚོས། དེ་སྔ་ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ཨིན་ཇིའི་བཙན་རྒྱལ་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ད་བར་མི་ལོ་ ༧༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་འཕར་ཡན་གྱི་སྲི་ཞུ་བ་རྣམ་པ་ཚང་འཛོམས་ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་སྦྲགས། རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར་ནས་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་རྗེས་སྲིད་ཚབ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲིའི་གསུང་བཤད་གནང་དོན།
དེ་རིང་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་ ༧༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཆགས་ཡོད། ངས་དུས་ཆེན་ཁྱད་པར་ཅན་སྐབས་འདིར་བོད་མིའི་སྒྲིག་འཛུགས་སྤྱི་དང་འཛིན་སྐྱོང་བཀའ་ཤག དེ་བཞིན་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་མང་བཅས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། དེ་དང་ཆབས་ཅིག་རྒྱ་གར་དབུས་གཞུང་དང་། རྒྱ་གར་རྒྱལ་ཡོངས་མི་མང་། ཕྱོགས་མཚུངས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱིས་གཙོས་བོད་དོན་ཐོག་འདས་པའི་ལོ་ ༦༠ ནང་ཧ་ཅང་བཀའ་དྲིན་ཆེ་བའི་མངའ་སྡེ་ཁག་ལའང་དེ་རིང་གོ་སྐབས་འདི་བརྒྱུད། ངས་ཚང་མར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་རྒྱལ་ཁམས་ཆེན་པོ་འདི་འབྱུང་འགྱུར་ལོ་གཅིག་ནང་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་དང་། ཆར་ཆུ་དུས་སུ་བབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། མང་ཚོགས་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཅིང་། སྲིད་གཞུང་མངའ་ཐང་ལྡན་པ་ཞིག་ཡོང་བར་བོད་མིའི་ངོས་ནས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་དང་སྦྲགས་གསུང་དོན། རྒྱ་གར་བ་ཚོ་ནི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རང་བཙན་འཐབ་རྩོད་གནང་མཁན་མིག་དཔེ་ལྟ་བུ་ཆགས་ཡོད་པ་མ་ཟད། འདས་པའི་མི་ལོ་ ༥༠ ལྷག་གི་རིང་བོད་མི་ཚོར་སྙིང་སྟོབས་སྤེལ་མཁན་ཞིག་ཀྱང་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་དོན་བདེན་མཐའ་མ་གསལ་བར་འཚེ་མེད་ཞི་བའི་ལམ་ནས་འབད་བརྩོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།
གཞན་ཡང་སྔ་དྲོ་བཀའ་ཤག་ནང་གི་མཛད་སྒོ་གྲོལ་མཚམས་རྡ་ས་སྐོར་སྲུང་ཉེན་རྟོག་པའི་རྩེད་ཐང་ཆེན་མོའི་རུ་སྒྲིག་མཛད་སྒོར་ཇི་ལྟར་མགྲོན་འབོད་ཞུས་དོན་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲོད་བསྟེན་བཀའ་བློན་མཆོག སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་ཁག་གཅིག ལྷན་ཁང་ཁག་གི་དྲུང་ཆེ་དྲུང་འཕར་བཅས་མཉམ་ཞུགས་གནང་འདུག