༢༠༡༦ ཟླ་ ༨ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ Women’s Empowerment Desk ཟབ་སྦྱོང་ལེགས་གྲུབ་བྱུང་འདུག ཟབ་སྦྱོང་ཆེད་མཐུན་འགྱུར་རོགས་རམ་གནང་མཁན་སུ་ཝི་ཌེན་རོགས་སྐྱོར་ཚན་པ་ SOIR-IM ཞེས་པ་ཡིན་ཞིང་། དགོས་དམིགས་ནི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཕྲན་བུ་དཀའ་ངལ་ཡོད་པའི་བུད་མེད་རྣམས་ལ་གཅིག་ཕན་གཅིག་གྲོགས་ཀྱིས་ལམ་ནས་ནུས་པ་སྐྱེ་འཕེལ་ཐུབ་རྒྱུ་ཡིན་འདུག ཉིན་གསུམ་གྱི་ཟབ་སྦྱོང་དེ་མོན་གྷོ་ལྷ་མོ་ཚོགས་ཁང་དུ་ཚོགས་པ་དང་། སྐབས་དེར་རྒྱ་གར་གདོད་མའི་མི་རིགས་ཀྱི་ཤེས་ཡོན་དང་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཁང་གི་ངེས་སྟོན་པ་ལྕམ་སྐུ་མོ་ཧི་ནི་པུ་ཇཱ་རི་ Mrs Mohini Poojary ལགས་ཀྱིས་བོད་པའི་བུད་མེད་རྣམས་ལ་གཅིག་ཕན་གཅིག་གྲོགས་ཀྱི་ལྟ་གྲུབ་ཀྱི་ངོ་བོ་དང་། ལག་བསྟར་ཇི་ལྟར་དགོས་པ། དེའི་གལ་གནད་བཅས་ཀྱི་སྐོར་ལ་རང་གི་ཉམས་མྱོང་ལ་གཞི་བཅོལ་ཏེ་འགྲེལ་བརྗོད་གནང་བ་མ་ཟད། གཞིས་གྲོངས་གསུམ་པའི་བསོད་ནམས་དར་རྒྱས་ལགས་ཀྱིས་ལས་གཞི་དེས་དོ་བདག་རང་ཉིད་ལ་དཔལ་འབྱོར་གྱི་ཁེ་ཕན་ཐོབ་རྒྱུ་ཙམ་མ་ཟད། ཟབ་སྦྱོང་ནང་འཛུལ་ཞུགས་གནང་མཁན་ཚོགས་མི་ཕན་ཚུན་དབར་མཐུན་ལམ་རྒྱ་སྐྱེད་ཐོག་གཅིག་ཕན་གཅིག་གྲོགས་ཐུབ་རྒྱུ་དང་། དཀའ་ངལ་ལ་མཉམ་མཐུན་ཐོག་ནས་གདོང་ལེན་ཐུབ་རྒྱུ་ཡིན་སྐོར་སོགས་གསུངས།
གཞན་ཡང་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འབྲེལ་མཐུད་མ་བདེ་ཆེན་དབང་མོ་ལགས་ཀྱིས་ཟབ་སྦྱོང་བ་བུད་མེད་རྣམས་ལ་ལས་གཞི་དེའི་སྐོར་རྒྱུས་སྟོན་གནང་འདུག ཐེངས་འདིའི་ཟབ་སྦྱོང་སྐབས་མཉམ་ཞུགས་གནང་མཁན་བུད་མེད་ ༡༦ ཡོད་འདུག
ཟབ་སྦྱོང་ཉིན་མཐའ་མར་ལྷ་མོ་སྤྱི་ཕན་དང་སྒྲོལ་མ་ཆིག་སྒྲིལ། ཞེས་རུ་ཁག་གཉིས་བཟོས་ནས་སོ་སོའི་རུ་ཁག་ནང་བུད་མེད་གཞན་གང་མང་འཚུད་ཐབས་བྱ་རྒྱུ་དང་། ལས་གཞི་དེའི་འོག་རུ་ཁག་གཉིས་ལ་སོན་རྩའི་མ་དངུལ་ཧིན་སྒོར་འབུམ་རེ་གནང་རྒྱུ་དང་། རོགས་དངུལ་དེའི་འོག་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་འགོ་འཛུགས་གནང་དགོས། འབྱུང་འགྱུར་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་བུད་མེད་ཚོར་རང་ཁ་རང་གསོའི་ལས་གཞི་འདི་ལྟ་བུ་བཙན་བྱོལ་བོད་མིའི་གཞིས་ཆགས་གཞན་ཁག་ནང་སྤེལ་འཆར་ཡོད་འདུག