༢༠༡༦ ཟླ་ ༨ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཁང་དང་ཨ་རིའི་སྐུ་ཚབ་དོན་ཁང་ཐུན་མོང་ཐོག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་སྒེ་རི་སན་ Garrison Institute བསྟི་གནས་ཁང་དུ་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༨ ནས་ ༢༡ བར་བོད་རིགས་ན་གཞོན་འགོ་ཁྲིད་ལྷན་ཚོགས་ཐེངས་དང་པོ་བསྐོང་ཚོགས་གནང་འདུག སྐབས་དེར་ཨ་རི་དང་ཁེ་ན་ཌ། ཡུ་རོབ། རྒྱ་གར་བཅས་ནས་བོད་མི་ན་གཞོན་ལོ་ན་ ༢༠ ནས་ ༣༥ བར་ལོན་པ་གྲངས་ ༡༥༠ མཉམ་ཞུགས་གནང་འདུག སྤྱིར་ས་གནས་དེར་ལྷན་ཚོགས་དེ་ལྟ་བུ་བསྐོང་ཚོགས་གནང་བ་ཐེངས་དང་པོ་ཆགས་ཡོད་ཀྱང་། དེ་སྔ་ས་གནས་དེར་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག བྱང་ཨ་རིའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཕྱི་ལོ་ ༢༠༠༧ ཞེས་པ་དང་། བྱང་ཨ་རིའི་བོད་རིགས་ཆེད་ལས་ལྷན་ཚོགས་ཕྱི་ལོ་ ༢༠༠༩ ཞེས་པའི་ལྷན་ཚོགས་གཉིས་པོ་ཧ་ཅང་ལམ་ལྷོང་ལྡན་པ་བྱུང་འདུག
བོད་རིགས་ན་གཞོན་འགོ་ཁྲིད་ལྷན་ཚོགས་ཐེངས་དང་པོའི་དགོས་དམིགས་གཙོ་བོ་ནི། བོད་རིགས་ན་གཞོན་འགོ་ཁྲིད་རྣམས་ས་གནས་གཅིག་ཏུ་འཛོམས་ནས་ཕན་ཚུན་གོ་བསྡུར་སྦྱངས་བཤད་ཐོག ཕན་ཚུན་ཤེས་མྱོང་བརྗེ་རེས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་མིའི་འཐབ་རྩོད་སོགས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་མ་ཟད། འཛམ་གླིང་སྤྱིའི་བདེ་དོན་ལ་སྨིན་པའི་བོད་མིའི་སྤྱི་ཚོགས་སྲ་བརྟན་ཞིག་ཇི་ལྟར་བསྐྲུན་དགོས་པའི་དམིགས་ཡུལ་བཅས་འཛིན་བཞིན་ཡོད། ཉིན་གསུམ་གྱི་ལྷན་ཚོགས་སྐབས་ཚོགས་ཐུན་མི་འདྲ་བ་གྲངས་ ༡༧ ཚོགས་པ་དང་། གཏམ་བཤད་གནང་མཁན་ན་གཞོན་གྲངས་ ༤༢ ཡོད་འདུག ཚོགས་ཐུན་དེ་དག་སྐབས་བོད་མིའི་རང་དབང་འཐབ་རྩོད་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། ༸གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ཁག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཁང་གི་དམིགས་བསལ་ངོ་སྤྲོད་ཀྱི་ལས་རིམ། བོད་བརྒྱུད་ནང་བསྟན་ངོ་སྤྲོད། བཙན་བྱོལ་དང་ཕྱི་སྡོད་བོད་རིགས། ཕ་ཡུལ་བོད། མདུན་ལམ་གཅིག ད་ལྟའི་བོད་མིའི་སྤྱི་ཚོགས་ནང་བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་བའི་ལས་འགན། བོད་མིའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ། བོད་རིགས་འདྲེས་མ་སོགས་ཀྱི་སྐོར་གཏམ་བཤད་གནང་འདུག ཉིན་དང་པོའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་གསུང་བཤད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནང་འདུག གཞན་ཡང་ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་སྤྱི་འཐུས་གཡུ་སྒྲོན་དབུ་དཀར་ཚང་ལགས་དང་། པདྨ་ཕྱག་མཛོད་ཚང་ལགས། སྐལ་རྡོར་དབུ་དཀར་ཚང་ལགས། དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས། བུ་ཆུང་ཚེ་རིང་ལགས། བསྟན་ཆོས་རྒྱ་མཚོ་ལགས། བསྟན་རྡོར་ལགས། ལྷག་སྒྲོན་བཀྲས་མཐོང་ལགས། བསྟན་འཛིན་དཔལ་སྐྱིད་ལགས། དཀོན་མཆོག་རྡོ་རྗེ་ལགས་སོགས་ཡོད་འདུག
དེ་ཡང་དབུ་འབྱེད་མཛད་སྒོའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་ ༡༥ བཀའ་ཤག་གི་སྲིད་བྱུས་དང་། འབྱུང་འགྱུར་བོད་དང་བོད་མིའི་མདུན་ལམ་ཐད་གཞོན་སྐྱེས་ཚོར་ལས་འགན་ཇི་ཡོད། དེ་བཞིན་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་སོགས་ངོ་སྤྲོད་གནང་བ་དང་སྦྲགས། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཁང་བརྒྱུད་གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་ནང་དང་བླངས་ཐོག་ཕྱག་ལས་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག སྤྱིར་ལྷན་ཚོགས་སྐབས་མཉམ་ཞུགས་གནང་མཁན་སློབ་མ་གྲངས་ ༡༥༠ ཡོད་པ་རྣམས་ཆེད་ལས་ལས་རིགས་འདྲ་མིན་ནས་ཕེབས་ཡོད་པ་དང་། དེ་ཡང་ཁག་གཅིག་དངོས་ཁམས་དང་དབང་རྩའི་ཚན་རིག་ཐོག་འབུམ་རམས་པ་དང་གཙུག་ལག་རབ་འབྱམས་པ་གནང་བཞིན་ཡོད་པ་དང་། ཁག་གཅིག་དངུལ་ཁང་དང་། བཟོ་བསྐྲུན་རིག་གནས། མཁའ་དབྱིངས་འཕུར་བགྲོད་རིག་པ། དབུས་སའི་གཞུང་གི་ལས་ཁུངས་ནང་ཕྱག་ལས་གནང་མཁན། དེ་བཞིན་སྨན་དང་ཚོང་ལས། སྒྱུ་རྩལ་བ། གསར་འགོད་ལས་རིགས་པ་སོགས་ཡོད་འདུག ཟབ་སྦྱོང་བ་ཚོས་ཉིན་མཐའ་མར་བསམ་ཚུལ་འདོན་སྐབས་ཕལ་མོ་ཆེས་ཟབ་སྦྱོང་འདི་ལྟ་བུ་ལོ་ལྟར་ཚོགས་དགོས་པ་དང་། གསུང་བཤད་གནང་མཁན་སློབ་སྟོན་པ་དང་ཟབ་སྦྱོང་གི་འཆར་འགོད་གང་ལེགས་བཀོད་སྒྲིག་བྱུང་ཡོད་པའི་བསྔགས་བརྗོད་ཤུགས་ཆེ་བྱས་འདུག དེ་ཡང་སྐུ་ཚབ་དོན་གཅོད་སྐལ་རྡོར་དབུ་དཀར་ཚང་ལགས་ཀྱིས་གསུང་དོན། ཟབ་སྦྱོང་བ་ཚོའི་འཇོན་ནུས་ལ་ང་རང་ངོ་མཚར་སྐྱེས་བྱུང་། ང་ཚོའི་བོད་རིགས་གཞོན་སྐྱེས་ཚོའི་ཆོད་སེམས་དང་འཇོན་ནུས་ལ་བརྟེན་ནས་འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་མིའི་བདེན་པའི་འཐབ་རྩོད་ལ་ཕན་ཐོགས་རྒྱ་ཆེ་ཡོང་ངེས། ངའི་རེ་བར་བོད་མི་གཞོན་སྐྱེས་ཚོས་ཐེངས་འདིར་ཟབ་སྦྱོང་སྐབས་གོ་རྟོགས་ཉམས་མྱོང་གང་བྱུང་བ་རྣམས་མ་འོངས་བོད་མིའི་བདེ་དོན་ཆེད་ཞབས་འདེགས་ཞུ་ཐུབ་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཞེས་གསུངས།།