ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །འདི་གར་ན་སིག་བོད་མི་སུད་ཚོང་སྤྱི་མཐུན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་མཧཱ་ར་ཤེ་ཊ་མངའ་སྡེའི་ན་སིག་གྲོང་ཁྱེར་དུ་ན་སིག་བོད་མི་བདེ་དོན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་ན་སིག་བོད་མིའི་བདེ་དོན་སྐྱིད་སྡུག་ལས་ཁུངས་མདུན་ཐང་དུ་མི་མང་རྣམས་ལྷན་འཛོམས་ཐོག་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཞུ་དང་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ་གྱིས་མཚོན་བསང་གསོལ་གཟབ་རྒྱས་ཞུས་ཡོད། བདེ་བརྒྱད་གསེར་སྐྱེམས་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ།
དེ་རྗེས་ས་གནས་སྐྱིད་སྡུག་གི་ཚོགས་གཙོས་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་ངོ་སྤྲོད་གནང་། དེ་ནས་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Pravin Gedam ལགས་དང་། དམིགས་བསལ་སྐུ་མགྲོན་ Uttam Rao Kamble ལགས། Joy Sir ལགས་བཅས་གདན་ཞུས་གནང་གྲུབ་མཚམས་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་ས་གནས་ཡུལ་མི་རྣམས་ལ་མངར་ཟས་ཕུལ་ཡོད།
ཐེངས་འདིའི་འཁྲུངས་སྐར་སྲུང་བརྩིའི་སྐོར་ན་སིག་གི་གྲོང་གསེབ་བཞི་བཅུ་ལ་བརྙན་འཕྲིན་ཐོག་བསྟན་ཡོད་པ་མ་ཟད། དབྱིན་ཡིག་དང་། ཧིན་དི། མ་ར་ཐི་སྐད་ཡིག་ཐོག་ཡོད་པའི་ཚགས་ཤོག་ཁག་གི་ནང་འདོན་སྤེལ་གནང་ཡོད།།