༢༠༡༦ ཟླ་ ༦ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༩ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐབས་ ༡༦ པའི་བོད་མང་སྤྱི་འཐུས་ཁག་གཅིག་ལ་བོད་དང་ཤིང་ཅང་། སོག་པོ་སོགས་རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་མི་རིགས་རྣམས་ཀྱི་འཐབ་རྩོད་བརྒྱུད་རིམ་སྐོར་དང་། ལྷག་པར་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ནུས་པ་ཇི་ཙམ་ཡོད་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་ཐོག་ཨ་རི་གཙོ་བོར་གྱུར་བའི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་ཇི་ཙམ་ཞུ་བཞིན་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་རྒྱབ་ལྗོངས་ངོ་སྤྲོད་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད།
དེ་ཡང་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་གསུང་དོན། རྐང་རྒྱ་ནག་དང་རྒྱ་གར། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང། གཞིས་བཞུགས་བོད་མི། བཙན་བྱོལ་བོད་མི་བཅས་རྒྱུ་མཚན་ལྔ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་བཞིན་ཡོད། ལྷག་པར་དབུ་མའི་ལམ་ལ་གྲུབ་འབྲས་བྱུང་མིན་ནི་གོང་གི་རྒྱུ་མཚན་ལྔ་པོ་དེ་དག་མཐུན་མིན་དང་རྒྱུ་མཚན་དེ་དག་དང་འབྲེལ་བ་སོགས་ལ་རག་ལུས་ཡོད། ལྷག་དོན་སྲིད་བྱུས་འདི་ནི་ཛ་དྲག་གི་རང་བཞིན་ཞིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་ནས་ཀྱང་བོད་ཐོག་རྒྱབ་ཤ་དཀར་པོ་ཟེར་བ་ཐེངས་མང་ཤོས་འདོན་དགོས་ཆགས་པ་འདི་གཙོ་བོ་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདོང་ལེན་ཆེད་གྲངས་ཉུང་མི་རིགས་གཞན་ལས་བོད་ཐོག་རྒྱབ་ཤ་དཀར་པོ་མང་བ་འདོན་དགོས་པའི་གནས་སྟངས་ཆགས་ཡོད། ཅེས་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་རྒྱབ་ལྗོངས་སྐོར་དང་འབྲེལ།
ཕྱི་ལོ་ ༡༩༧༩ ནས་བོད་རྒྱའི་དབར་ལ་ཐད་ཀར་འབྲེལ་ལམ་འགོ་བཙུགས་པ་ནས་བཟུང་། ད་བར་བོད་རྒྱ་ཕན་ཚུན་དབར་གཞུང་དང་གཞུང་འབྲེལ་མིན་པའི་འབྲེལ་ལམ་ཐེངས་ ༣༠ ཙམ་བྱུང་ཡོད་པ་དང། ད་བར་བོད་ནང་དུ་ལྟ་སྐོར་སྐུ་ཚབ་ཚོགས་པ་ཐེངས་བཞི་ཕེབས་ཟིན་པ། དེ་བཞིན་གྲོས་མོལ་རྟོག་ཞིབ་སྐུ་ཚབ་ཚོགས་པ་ཐེངས་གཉིས་ཕེབས་པ། རྒྱ་ཕྱོགས་ནས་བཤད་པའི་རྩ་དོན་ཁག་དང་བོད་མིའི་རྩ་དོན་ཁག ཕྱི་ལོ་ ༢༠༠༢ ནས་ད་བར་འབྲེལ་མོལ་ཐེངས་དགུའི་མཇུག་འབྲས་སོགས་ཀྱི་སྐོར་ལ་གསུངས། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དེ་སྔ་ཕྱི་ལོ་ ༡༩༥༩།༡༩༦༡།༡༩༦༥ བཅས་སོ་སོར་བོད་དོན་ཐོག་གྲོས་ཆོད་ཐེངས་གསུམ་བཞག་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་སྐོར་གསལ་བ་དང་། ཕྱི་ལོ་ ༡༩༦༡ ལོར་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པ་འཁོད་སྐོར། ཕྱི་ལོ་ ༡༩༦༥ ལོར་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་པ་གསལ་ཡོད་སྐོར་གསལ་བཤད་གནང་།
གཞན་ཡང་སྲིད་སྐྱོང་མཆོག་གིས་ང་ཚོས་མཐའ་གཅིག་ཏུ་རང་བཙན་དགོས་པའི་མངོན་འདོད་བཏོན་པ་ཡིན་ན། དེ་སྔ་རྒྱ་གར་གྱི་སྲིད་བློན་དམ་པ་སྐུ་ཞབས་པནྜི་ཏ་ནེ་རུ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་འཕྲལ་བཀའ་སློབ་ལམ་སྟོན་ཞུས་པ་རྣམས་ལུང་འདྲེན་ཞུས་ནས་རྒྱ་གར་དང་ཨ་རི་སོགས་རྒྱལ་ཁབ་སུས་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཐབས་བྲལ་བའི་དངོས་ཡོད་གནས་སྟངས་སྐོར་གསུངས་པ་མ་ཟད། རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༥༨ དང་ ༡༩༨༨ བཅས་ལོ་ཡུན་དེ་དག་རིང་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལངས་ཕྱོགས་ལ་རིམ་བཞིན་འཕོ་འགྱུར་ཇི་ལྟར་ཕྱིན་པ་རྣམས་གསུངས། ཕྱོགས་མཚུངས་ཁོང་གིས་སྤྱིར་རྒྱ་གར་དང་ལྷོ་ཨ་ཕི་རི་ཀ། ཨ་ཡིར་ལེན་ཌི་སོགས་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་མཐར་ཐུག་ཞི་བདེ་མཉམ་གནས་ཐོག་མི་མང་གི་མངོན་འདོད་བསྒྲུབ་ཕྱིར་རྒྱ་གར་ལྟ་བུར་མཚོན་ན། མེས་པོ་དམ་པ་གཱན་དྷི་མཆོག་གིས་དབུ་ཁྲིད་པའི་རང་བཙན་འཐབ་རྩོད་གནང་སྐབས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་མི་འདོད་བཞིན་དུ་པ་ཀི་སི་ཐན་དང་བྷང་ལ་དེ་ཤི་རྒྱ་གར་ནས་ཁ་བྲལ་ཕྱིན་པ་དང་། དེ་བཞིན་ལྷོ་ཨ་ཕི་རི་ཀའི་ནང་ནེལ་སན་མན་ཌེ་ལ་དམ་པ་མཆོག་གིས་མང་གཙོའི་འཐབ་རྩོད་གནང་སྐབས། ཚོང་གི་ཁེ་ཕན་མི་རིགས་དཀར་པོ་ཚོར་ཡོད་པ་དེར་རྩོད་ལེན་གང་ཡང་མ་གནང་བར་ཚོང་བརྒྱ་ཆ་ ༩༠ ལྷག་མི་རིགས་དཀར་པོ་ཚོས་དབང་སྒྱུར་བྱེད་བཞིན་པ་དེ་བློས་བཏང་ནས་མང་གཙོའི་རིང་ལུགས་ཐོབ་ཐབས་ཆེད་འབད་བརྩོན་གནང་ཡོད། གཞུང་གི་ལས་ཁུངས་ཁག་ནང་ལས་བྱེད་མང་ཆེ་བ་མི་རིགས་དཀར་པོ་ཡིན་ཡང་ཁོང་གིས་ལས་བྱེད་འཕོ་འགྱུར་བྱེད་དགོས་པའི་རེ་འདུན་ཡང་བཏོན་མེད། ཕྱོགས་མཚུངས་ས་ཆ་ཕོན་ཆེ་བ་མི་རིགས་དཀར་པོས་བཟུང་ཡོད། གྲངས་ཀའི་ཐོག་ནས་ལྟ་སྐབས་མི་རིགས་དཀར་པོ་བརྒྱ་ཆ་ ༢༠ ལྷག་ལས་མེད་པ་ཁོང་ཚོས་བཟུང་ཡོད།
འོན་ཀྱང་མན་ཌེ་ལ་མཆོག་གིས་ས་ཆ་མི་རིགས་དཀར་ནག་གཉིས་ལ་འདྲ་མཉམ་བགོ་དགོས་པའི་རེ་འདུན་རྩ་བ་ནས་བཏོན་མེད། འོན་ཀྱང་འོས་འཕེན་ཐོབ་ཐང་དེ་མི་རིགས་ནག་པོ་ཚོར་ཐོབ་ཐབས་གནང་ནས་ཕར་སྤྲོད་ཚུར་ལེན་གནང་ཡོད། ཕྱོགས་མཚུངས་ཨ་ཡིར་ལེན་ཌིའི་རང་བཙན་འཐབ་རྩོད་དབུ་ཁྲིད་བྷེ་ཊི་ཝིལ་ཡེམ་སི་མཆོག་གིས་འཐབ་རྩོད་འོག་ཨ་ཡིར་ལེན་ཌིར་རང་བཙན་ཐོབ་ཐུབ་ཡོད་ཀྱང་། བྱང་ཕྱོགས་ཨ་ཡིར་ལེན་ཌི་བློས་གཏོང་བྱེད་དགོས་ཐུག་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་མཐར་དྲི་བ་རྣམས་ལ་ལན་འདེབས་གནང་། སྐབས་དེར་བོད་རྒྱ་འབྲེལ་མོལ་སྐོར་གྱི་དྲི་བར་ལན་འདེབས་གནང་སྐབས་ཕྱི་ལོ་ ༡༩༧༩ ནས་ ༡༩༩༣ བར་འབྲེལ་བ་ཐེངས་ ༡༩ བྱུང་བ་དང་། ཕྱི་ལོ་ ༡༩༩༤ ནས་ཕྱི་ལོ་ ༢༠༠༡ བར་འབྲེལ་ལམ་རྩ་བ་ནས་བྱུང་མེད་པ་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་གཞུང་འབྲེལ་འབྲེལ་ལམ་ ༩ དང་། གཞུང་འབྲེལ་མིན་པའི་འབྲེལ་ལམ་ཐེངས་ ༡ བཅས་ཁྱོན་འགྲེལ་ལམ་ཐེངས་བཅུ་བྱུང་བ་དང་། ཕྱི་ལོ་ ༢༠༡༡ ནས་བཟུང་ད་བར་འབྲེལ་ལམ་བྱུང་མེད་སྐོར་གྱི་ལན་འདེབས་གནང་ཡོད་པ་བཅས།།