༢༠༡༦ ཟླ་ ༦ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ Map Room ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་ཉེ་ལམ་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་གྲོང་ཁྱེར་ཨོར་ལེན་ཌོའི་ Orlando ནང་མི་གསོད་དོན་རྐྱེན་གྱི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་སྦྲགས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན། མགོན་པོ་གང་ཉིད་མཆོག་གིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པ་དེར་ཡི་རང་བསྔགས་བརྗོད་ཡོད་ཚུལ་ཞུས་འདུག གཞན་ཡང་སྐབས་དེར་དབུ་ཁྲིད་རྣམ་གཉིས་བོད་ནང་གི་བོད་མིའི་གནས་སྟངས་སྐོར་བཀའ་ བསྡུར་མཛད་པ་མ་ཟད།
ལྷག་པར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་མིའི་ ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། དེ་བཞིན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་པོའི་ཐོག་སྙན་སྒྲོན་ཞུས། ཕྱོགས་མཚུངས་སྲིད་འཛིན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱ་ཆེ་ཞུས་ པ་དང་སྦྲགས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ཆོད་སེམས་བརྟན་པོས་འཚེ་མེད་ཞི་བའི་བཞེངས་ཕྱོགས་དེ་རྒྱུན་སྐྱོང་མཛད་བཞིན་པར་གུས་བཀུར་ཆེ་བསྟོད་རྒྱ་ཆེ་ཞུས་གནང་འདུག
ལྷག་པར་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་གིས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་ཐད་ཀར་གྲོས་མོལ་གནང་ནས་ཕྱོགས་གཉིས་དབར་མི་མཐུན་པའི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཐབས་མཛད་དགོས་ པའི་ལམ་སྟོན་ཞུས་འདུག གཞན་ཡང་སྐབས་དེར་སྲིད་འཛིན་མཆོག་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་པའི་ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་བཞིན་པའི་ལངས་ཕྱོགས་དེ་གསལ་སྟོན་ཞུས་པ་དང་སྦྲགས། བོད་རང་བཙན་ལ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་ཞུས་འདུག
སྐབས་དེར་༸གོང་ས་མཆོག་གིས་རང་བཙན་རྩོད་གནང་མཛད་ཀྱི་མེད་པ་དང་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དང་རྒྱ་ནག་འགོ་ཁྲིད་དབར་མགྱོགས་མྱུར་གྲོས་མོལ་བསྐྱར་གསོ་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་སྩལ། དབུ་ཁྲིད་རྣམ་གཉིས་ཐུན་མོང་གི་དགོངས་བཞེད་མཛད་བཞིན་པ་ནི་རྒྱ་ནག་དང་ཨ་རིའི་ཡུལ་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་གཅིག་མཚུངས་ཡིན་འདུག མཐར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་དབུ་ཁྲིད་ཀྱི་མཛད་བཟང་ལ་དགའ་བསུ་ཞུས་པ་མ་ཟད། ༸གོང་ས་མཆོག་གིས་གོ་ལ་སྤྱིའི་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་དང་། ལྷག་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཁྱགས་རོམ་དང་བོད་མཐོ་སྒང་གི་གནམ་གཤིས་སྲུང་སྐྱོབ་དགོས་པའི་སྐོར་གོ་རྟོགས་སྤེལ་གནང་མཛད་བཞིན་པ་དེར་རྒྱབ་སྐྱོར་ཤུགས་ཆེ་ཞུས་འདུག །