ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ ཉིན་ཏེ་རེས་གཟའ་པ་སངས་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་༸ཞབས་སོར་འཁོད་རྒྱུ་ཡིན་པ་དང་། ཐེངས་འདིའི་མཛད་འཆར་ཁོངས། ཕྱི་ཟླ་ ༧ ཚེས་ ༢ ནས་ ༥ བར་གདན་ས་ཆེན་པོ་གསུམ་དང་།དེ་བཞིན་རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད་གཉིས། བཀྲ་ཤིས་ལྷུན་པོ་དགོན་པ་བཅས་ཀྱི་དགེ་འདུན་པ་ཁག་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་འཁེལ་ཡོད་སྟབ་དྲོར་དགེ་ལུགས་སྤྱི་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་རྗེས་༸སྐུའི་འཁུངས་སྐར་སྲུང་བརྩིའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་འདུག སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཅས་ཆེད་བཅར་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རྭ་གསར་པ་ལེགས་གྲུབ་ཟིན་པ་དབུ་འབྱེད་མཛད་རྒྱུ་ཡིན་འདུག་པ་བཅས།།