ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ རེས་གཟའ་ལྷག་པ།
༄༅།།ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་ཐེངས་དང་པོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་ཚོགས་གཙོ་སྦྲེལ་པོ་ངོས་ནས་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མིའི་ནང་བདམས་ཐོན་སྤྱི་འཐུས་གཅིག་སྒེར་གྱི་ལས་དོན་ཞིག་གི་ཐོག་ནས་ད་ལྟ་དམ་འབུལ་ཞུ་ཐུབ་མེད། དེ་མིན་སྤྱི་འཐུས་ཚང་མས་ལས་འཁུར་དམ་འབུལ་ཞུས་ཐུབ་པ་དང་། དེ་བཞིན་དེ་རིང་གྲོས་ཚོགས་ནང་ཕེབས་ཐུབ་ཡོད།
ཉེ་ཆར་ཉིན་ཤས་གོང་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་འབུལ་ཞུ་རྒྱུ་དང་། དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུའི་བརྒྱུད་རིམ་དེ་ཚོ་བརྙན་འཕྲིན་བརྒྱུད་ཐད་གཏོང་ཞུས་སྐབས་རྒྱ་ཆེའི་མང་ཚོགས་ཡིན་ནའང་མཁྱེན་ཡོད་རེད་ལ་གྲོས་ཚོགས་འཐུས་མི་རྣམ་པའི་དགོངས་པའི་ཀློང་ལ་ཐིམས་ཡོད་པར་བརྟེན། དེའི་ཐོག་ལ་འདི་ནས་གཞན་པ་ཞུ་རྒྱུའི་འབད་བརྩོན་གང་ཡང་ཞུ་གི་མེད། དེ་རིང་ང་ཚོའི་གྲོས་ཚོགས་འཐུས་མི་ནང་དེ་སྔོན་གྱི་གྲོས་ཚོགས་ལས་ཁུར་ཞུས་མྱོང་མཁན་འདི་ནང་ཕེབས་མཁན་གྲོས་ཚོགས་འཐུས་མི་ཉི་ཤུ་རྩ་གཉིས་དང་། དེ་སྔ་གྲོས་ཚོགས་ཀྱི་ལས་ཁུར་ཞུ་མ་མྱོང་མཁན་གསར་དུ་ཕེབས་མཁན་ཉི་ཤུ་རྩ་གསུམ་ཆགས་ཡོད། དེར་བརྟེན་བརྒྱ་ཆའི་ཐོག་ནས་གསར་པ་ཕེབས་མཁན་མང་བ་ཆགས་ཡོད། གསར་དུ་ཕེབས་མཁན་ཚོའི་ནང་དུའང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ཕྱོགས་གཅིག་ནས་རྒྱལ་ཁབ་འདྲ་མིན་ནང་ཁ་ཐོར་ནས་སྡོད་ཡོད་རེད་དེ་ཕྱོགས་གཞན་ནས་མི་འབོར་ཐོག་ནས་དེ་ལྟར་ཤེས་རྟོགས་མེད་པ་མིན་སྟབས། སྤྱི་ཚོགས་འདྲ་མིན་ནང་ང་ཚོ་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་ཐོག་ནས་ལས་ཁུར་ཞུས་མྱོང་མཁན་ཤ་སྟག་ཡིན་པ་དང་། དེ་ཡང་དེང་དུས་ཀྱི་ཤེས་ཡོན་ཡོད་པ། སོ་སོའི་ཕ་མེས་ཀྱི་རིག་གཞུང་གི་གོམས་གཤིས་དང་བག་ཆགས་ཤུགས་ཆེན་པོ་ཡོད་མཁན་ཡིན་སྟབས། སྐབས་ ༡༦ པའི་གྲོས་ཚོགས་འདིའི་ནང་དངོས་འབྲེལ་ཐུགས་ཕན་གསོ་རྒྱུ་དང་། དེ་བཞིན་ཡིད་ཆེས་ཞུ་ཐུབ་པ་དེ་འདྲ་ཕེབས་འདུག གྲོས་ཚོགས་ཀྱི་ལས་ཁུར་ཞུས་མྱོང་མཁན་འཐུས་མི་རྣམ་པ་ཡིན་ནའང་། དེ་སྔ་བཙན་བྱོལ་སྒྲིག་འཛུགས་མཚོན་པའི་ཕྱག་ལས་མང་པོ་ཞིག་གནང་ཡོད། དེས་ང་ཚོ་སྐབས་ ༡༦ པའི་གྲོས་ཚོགས་ཀྱི་ལས་དོན་ཕྱི་ནང་གང་ལའང་ལས་དོན་ཞུ་ཕྱོགས་ལ་ཐུགས་ཕན་གསོ་བ་དང་། ཉམས་མྱོང་ཀྱི་ཐོག་ནས་ཀྱང་དངོས་འབྲེལ་ང་ཚོའི་སྤྱི་ཚོགས་འདི་སྣེ་འཁྲིད་ཐུབ་རྒྱུའི་ནུས་པ་ཆ་ཚང་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
རྩ་བའི་ང་རང་ཚོ་བཙན་བྱོལ་ནང་གི་སྒྲིག་འཛུགས་ཤིག་རེད། དེར་བརྟེན་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་རྣམ་པ་དང་བསྡུར་ན། བསྡུར་ཐུབ་རྒྱུ་མེད་པ་དང་གནས་སྟངས་གང་ཅིའི་ཐོག་ནས་གཞན་དབང་སྟབས་བསྟུན་ཆགས་ཡོད། དེ་ཡང་བཅའ་ཁྲིམས་ཀྱི་འགན་དབང་བསྐུར་བའི་ལེའུ་གསུམ་པའི་ནང་སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན། ཞེས་འགན་དབང་བསྐུར་བ་དེ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་ཐབས། ཞེས་དེ་གཉིས་ང་ཚོར་བཅའ་ཁྲིམས་ཀྱི་འགན་དབང་བསྐུར་བ་དེ་ཆགས་ཀྱི་ཡོད། དེར་བརྟེན་འཛིན་སྐྱོང་བཀའ་ཤག་ཡིན་ན་འདྲ། གྲོས་ཚོགས་ཡིན་ན་འདྲ། དེའི་རྒྱ་ལས་མ་འགལ་བའི་ཐོག་ནས་ལས་དོན་གང་བརྩམ་པ་ཡིན་ནའང་དེ་གཉིས་ཀྱི་གཞོགས་འདེགས་ལ་འགྲོ་ཐུབ་པ་དགོས་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཁྱད་པར་དུ་ང་ཚོའི་ལས་དོན་ཞུ་བ་ཡིན་ན། གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་ཆགས་ཀྱི་ཡོད། ང་ཚོ་བཙན་བྱོལ་ལ་བསླེབས་ནས་ལོ་དྲུག་བཅུ་ཟིན་ལ་ཉེ་ཡོད་པ་དང་། མི་གཅིག་གི་མི་ཚེ་ལ་བལྟས་ན་མི་ཚེ་ཕྱེད་ཀ་ལྷག་འགྲོ་ཚར་བ་རེད། གྲོས་ཚོགས་ཀྱི་ལམ་ལུགས་དེ་གང་ཙམ་རྙིང་པ་ཆགས་ཡོད། དེར་བརྟེན་གཙོ་བོ་ཁྲིམས་བཟོ་རྒྱུའི་ལས་འགན་དང་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་བྱེད་རྒྱུ། སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཐོག་སྟངས་འཛིན་བྱ་ར་བྱེད་རྒྱུ། མང་ཚོགས་ཀྱི་ཤེས་ཡོན་གནས་སྟངས། ཉམ་ཐག་གི་གནས་སྟངས་སོགས་གནས་སྟངས་གང་དང་གང་ཡིན་ནའང་ང་ཚོས་སྒྲིག་འཛུགས་དང་མི་མང་དབར་ཟམ་པ་ལྟ་བུའི་ལས་འགན་གལ་ཆེན་ཞིག་ཆགས་ཡོད།
ང་ཚོས་ལས་འགན་དེ་སྒྲུབ་སྐབས་བོད་པའི་ཁ་དཔེར་མི་སུམ་ཅུ་ལ་བསམ་བློ་སུམ་ཅུ་དང་། །མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཟེར་བ་བཞིན། །བསམ་ཚུལ་མ་མཐུན་པ་ཡོང་རྒྱུ་ཆོས་ཉིད་རེད། འོན་ཀྱང་བསམ་ཚུལ་མ་མཐུན་པ་བྱུང་བ་ཙམ་གྱི་ང་ཚོས་གཅིག་གི་གཅིག་ལ་མ་དགའ་བ་བྱེད་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ནང་འཁྲུག་ཐེབས་དགོས་པ་རྩ་བ་ཉིད་ནས་ཡོད་མ་རེད་བསམ་བཞིན་ཡོད། ང་ཚོས་ནུས་པ་བསྒྲིལ་རྒྱུ་དེ་མ་མཐུན་པ་རྣམས་ཀྱི་ཐོག་བགྲོ་གླེང་དང་གོ་བསྡུར་སྦྱངས་བཤད་བྱས་ཏེ། མཐར་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་ཕན་ཐོགས་ཐུབ་པའི་ཐག་གཅོད་འགྲོ་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ང་ཚོའི་སྤྱི་འཐུས་ཀྱི་སྒྲུབ་ཆ་དེའི་ཡོང་ཁུངས་ཆོལ་ཁ་ཆོས་ལུགས་ནས་ཡོང་བཞིན་ཡོད། འདིར་བསླེབས་ཏེ་དམ་བཅའ་ཕུལ་ཚར་བའི་ཉིན་མོ་ནས་བོད་སྤྱི་པའི་སྤྱི་མི་ཚད་ལྡན་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ལས་དོན་གང་དང་གང་གནང་ནའང་དེའི་ཀུན་སློང་གི་རྒྱ་ལས་མ་འགལ་བའི་ལས་དོན་བརྩམས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོ་གཞིས་བྱེས་གཉིས་སུ་ཆགས་ཡོད། དོན་གྱི་བདག་པོ་དེ་བོད་ནང་གི་བོད་མི་ཚོ་ཆགས་ཡོད། བོད་མི་ས་ཡ་དྲུག་ནས་འབུམ་གཅིག་དང་ཁྲི་ལྔ་མན་ཙམ་བཙན་བྱོལ་དུ་ཡོད་པ་དང་། བོད་མི་མང་ཆེ་བ་རྒྱ་ནག་དམར་པོའི་གཞུང་གི་འོག བཙན་བཟུང་དང་དྲག་གནོན་གྱི་འོག་གནས་ཡོད། བོད་ནང་གི་གནས་སྟངས་ལ་བལྟས་ན་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༤༤ ཙམ་རང་ལུས་མེར་སྲེག་བཏང་ཡོད། དེ་བཞིན་སོ་སོའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས། འགྲོ་བསྐྱོད་སོགས་ཀྱི་ཐོག་རང་དབང་མེད་པར་བཀག་བསྡོམས་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། བོད་ནང་གི་བོད་མི་ཚོའི་གནས་སྟངས་ཐོག་ང་ཚོས་སེམས་འཚབ་བྱེད་དགོས་པ་དང་། ཁོང་རྣམ་པའི་ཕྱག་ལས་ལ་ང་ཚོས་ཞབས་འདེགས་ཞུ་ཐུབ་དགོས་རྒྱུ་དེ་གནད་འགག་ཆགས་ཀྱི་ཡོད།
ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༠ ཟིན་ལ་ཉེ་བར་ཡོད། ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་གནས་སྟངས་ཐོག་བལྟས་ན་ལོ་གཅིག་གམ་གཉིས། ཡང་ན་ལོ་བཅུ་ཕྲག་ནང་འགྱུར་བ་འགྲོ་ནས་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་རྒྱུའི་རེ་བ་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ང་ཚོ་ལོ་མང་པོ་མུ་མཐུད་ནས་ལྷག་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ང་ཚོས་ཕྱོགས་གཉིས་ཀྱི་བསམ་བློའི་སེམས་ཁུར་བླངས་ནས་བོད་ནང་གི་བོད་མི་ཚོའི་ཆེད་སེམས་ཁུར་ཞུ་དགོས་གཅིག་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ནང་ཤེས་ཡོན་དང་འཕྲོད་བསྟེན་སོགས་གང་ཅིའི་ཐོག་ལྷག་བསམ་གྱི་མདུད་པ་གཅིག་ཏུ་བསྒྲིལ་ནས་མ་ཉམས་པར་གནས་ཐུབ་རྒྱུ་གལ་ཆེན་པོ་རེད། བར་ལམ་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཐོག་ནས་བཟང་སྤྱོད་ཀྱི་ཐོག་གནས་སྟངས་མང་པོ་ཞིག་བྱུང་ཡོད། ལྷག་པར་སྐྱབས་མགོན་རིན་པོ་ཆེ་མཆོག་ཐུགས་འཚབ་གནང་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། དེར་བརྟེན་ཉེ་ཆར་སྲིད་སྐྱོང་གི་དམ་འབུལ་སྐབས་བཀའ་སློབ་རྗེན་པ་ཕེབས་ཡོད། ང་ཚོས་དེ་དག་སེམས་ལ་ཉར་བའི་ཐོག་ནས་གཞུང་དང་སྒེར་གང་རུང་གི་ལས་དོན་སྒྲུབ་སྐབས་བཀའ་སློབ་དེའི་ནང་དོན་དང་མ་འགལ་བ་བྱེད་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོརེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་གཙོ་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་སྟེ་མཚན་ཐོ་སྒྲོགས་སྦྱང་གནང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་དགའ་བསུའི་འཚམས་འདྲིའི་གསུང་བཤད་གནང་དོན། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་སྦྲགས། དེ་རིང་འདིར་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་གཙོ་རྣམ་པ་གཉིས་དང་བཀུ་འོས་སྤྱི་འཐུས་རྣམ་པར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་གོང་དུ་དཔལ་ལྡན་ཚོགས་གཙོ་ནས་གསུངས་པ་ལྟར། ཐེངས་འདིའི་གྲོས་ཚོགས་ནང་བདམས་ཐོན་བྱུང་བའི་བཀུར་འོས་སྤྱི་འཐུས་རྣམ་པས་བོད་ཕྱི་ནང་གཉིས་ཀྱི་མངོན་འདོད་སྒྲུབ་ཐུབ་མཁན་གྱི་མི་སྣ་ཤ་སྟག་བདམས་ཐོན་བྱུང་ཡོད་པའི་ཚོར་སྣང་བྱུང་། ཐེངས་འདིར་འཐུས་མི་གསར་པ་ ༢༣ ཡོད་པ་དང་། འཐུས་མི་གསར་རྙིང་གཉིས་ཀའི་ནང་གཞི་རྩའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་སྐུ་ཚབ་མཚོན་ཐུབ་པ་འདུག་བསམ་པའི་ཚོར་སྣང་བྱུང་། དཔེར་ན། གཞུང་འབྲེལ་མ་ཡིན་པ་དང་། ས་གནས་ཁག གཞིས་ཆགས་ཁག་གི་ནང་ས་གནས་འགོ་འཛིན་གནང་མྱོང་མཁན་གྱི་མི་སྣ་སོགས་བདམས་ཐོན་བྱུང་འདུག དེ་བཞིན་དེ་སྔ་ཡོད་པ་བཞིན་ཐེངས་འདིར་ཡང་བོད་ནང་གསར་དུ་འབྱོར་མཁན་ཁྲོད་ནས་ཀྱང་འཐུས་མི་བདམས་ཐོན་བྱུང་འདུག སློབ་གྲྭ་ཁག་དང་དུས་རྟག་ཏུ་སྤྱི་ཚོགས་སྤྱི་ཡོངས་ནང་ཞབས་ཕྱི་ཞུ་མཁན་མང་དག་ཅིག་ཕེབས་འདུག བུད་མེད་ལྟ་བུ་ཆ་བཞག་ན་བུད་མེད་བཅུ་གཅིག་བདམས་ཐོན་བྱུང་ཡོད་སྟབས། བརྒྱ་ཆ་རྩིས་ན་བརྒྱ་ཆ་ ༢༥ ཙམ་དང་ཕྱིའི་རྒྱལ་ཁབ་ཁག་དང་བསྡུར་ན་ཚད་ཧ་ཅང་མཐོ་པོ་ཆགས་ཡོད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པར་བསྔགས་བརྗོད་ཞུས་པ་དང་སྦྲགས་མི་མང་གི་ཆབ་སྲིད་གོ་རྟོགས་དེ་ཡང་ཚད་མཐོ་རུ་ཕྱིན་ཡོད་པ་གསལ་པོ་རེད་འདུག གཙོ་ཆེ་ཤོས་ང་ཚོ་ཚང་མས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུར་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འབྱུང་འགྱུར་ལོ་ལྔ་ནི་ཆབ་སྲིད་དང་། རྒྱ་ནག་ནང་འགྱུར་བ་འགྲོ་སྟངས། རྒྱལ་སྤྱིའི་ཐོག་གནད་འགག་ཧ་ཅང་ཆེན་པོ་ཆགས་ཀྱི་རེད་བསམ་གྱི་འདུག དེར་བརྟེན་ང་ཚོ་ཚང་མས་དེ་སྔ་བཞིན་བཀའ་ཤག་སྐབས་བཅོ་ལྔ་པ་དང་གྲོས་ཚོགས་སྐབས་བཅུ་དྲུག་པའི་ངོས་ནས་ཕྱར་གྲུ་མཉམ་འདེགས་ཐོག་ནས་ཕྱག་ལས་གནང་རྒྱུའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་ཅེས་ཞུ་རྒྱུ་ཡིན། ད་ལྟའི་དུས་ཚོད་གཉན་འཕྲང་ཅན་འདིའི་སྐབས་ང་ཚོ་སྒེར་གྱི་ངོས་ནས་སྒེར་དོན་ལས་སྤྱི་དོན་གལ་ཆེ་བ་རྩིས་ཏེ་བཀུར་འོས་སྤྱི་འཐུས་ཀྱི་འགན་ཁུར་བཞེས་གནང་ཡོད།
སྤྱི་སེམས་དང་རྩ་དོན་གལ་ཆེན་པོར་རྩིས་པའི་ཐོག་ནས་འདིར་ཕྱག་ལས་གནང་བར་ཕེབས་ཡོད་སྟབས། ༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཕེབས་རྒྱུའི་ཡོད་ཆེས་ཞུ་བཞིན་ཡོད། དེ་སྔ་བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་སུའང་དེ་ལྟར་ཞུས་མྱོང་ཡོད། གྲོས་ཚོགས་ཕྱི་ནང་གཉིས་ཀར་སྐྱོན་བརྗོད་ཞུས་མྱོང་མེད་པ་མ་ཟད། ལོ་ལྔའི་རིང་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ལའང་སྐྱོན་བརྗོད་ཞུས་མྱོང་མེད། གང་ལ་ཞེ་ན། སྒྲིག་འཛུགས་གཅིག་གི་གཅིག་ལ་བརྩི་བཀུར་བྱེད་དགོས་སྟབས། བོད་སྤྱི་པའི་རྩ་དོན་གྱི་འགན་འཁྱེར་མཁན་ཞིག་ཡིན་པའི་ཆ་ནས་བཀའ་ཤག་གི་ངོས་ནས་འགན་ཁུར་བཞེས་པ་རེད། བཀའ་ཤག་གི་ངོས་ནས་མུ་མཐུད་གུས་ཞབས་དང་ལྡན་པའི་ཐོག་ནས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ད་ལྟ་གོང་དུ་དཔལ་ལྡན་ཚོགས་གཙོའི་གཏམ་བཤད་ནང་གནད་དོན་གལ་ཆེ་བ་ཁག་གསུངས་གྲུབ་ཡོད། བཀའ་ཤག་ངོས་ནས་རྣམ་པ་ཚོར་འཚམས་འདྲི་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་།
དེ་རྗེས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་།
གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་རྗེས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད་པ་བཅས། །