ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཐའི་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་དོན་ཁང་དང་། ༢༠༤༧ ཧོང་ཀོང་བལྟ་སྲུང་། (2047 Hong Kong Monitor) རྒྱ་རིགས་མང་གཙོའི་སློབ་གྲྭ། (New School for Democracy) བཅས་ཀྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༩ ཉིན་ཧོང་ཀོང་གི་ཕྱི་རྒྱལ་གསར་འགོད་པའི་སྐྱིད་སྡུག་གི་ཚོགས་ཁང་དུ་ ༼ད་ལྟའི་བོད་ཀྱི་གནས་སྟངས་དང་མ་འོངས་ཧོང་ཀོང་གི་མདུན་ལམ། ༽ ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་གི་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་གནང་ཡོད།
དེ་ཡང་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༢ ནས་ ༢༤ བར་ཐེ་ཝན་རྒྱལ་ས་ཐེ་པེར་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་ཚོགས་སྐབས་རྒྱལ་སྤྱིའི་ཁུལ་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུ་གང་མང་བསྐོང་ཚོགས་ཞུ་དགོས་པའི་གྲོས་འཆར་བྱུང་བ་བཞིན། ད་ལན་ཧོང་ཀོང་དུ་ཚོགས་འདུ་འདི་སྐོང་ཚོགས་ཞུས་པ་ཞིག་ཡིན།
ཧོང་ཀོང་དང་ཐེ་ཝན་གྱི་མཁས་པ་ཁག་གཅིག་དང་། ཧོང་ཀོང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ཕྱི་རྒྱལ་གཞུང་ཚབ་ཁང་གི་ཆབ་སྲིད་འགན་འཛིན། གསར་འགོད་པ། དེ་བཞིན་བོད་རིགས་དང་བོད་དོན་དོན་གཉེར་ཅན་བཅས་ཁྱོན་སྡོམ་མི་གྲངས་ ༤༠ ཙམ་བགྲོ་གླེང་ཚོགས་འདུ་ནང་མཉམ་ཞུགས་ཀྱིས་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་ཧོང་ཀོང་དང་འབྲེལ་བའི་གནད་དོན་ཁག་གི་སྐོར་བགྲོ་གླེང་ལྷུགས་པོ་གནང་ཡོད། ༢༠༤༧ ཧོང་ཀོང་བལྟ་སྲུང་གི་སྐུ་ཞབས་ Edward Chin ལགས་དང་། ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim མཆོག་ནས་དྲ་ལམ་ skype བརྒྱུད་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་།
ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim མཆོག་གིས་ང་འབྲིང་རིམ་སློབ་གྲྭ་དང་མཐོ་སློབ་ཏུ་བསྐྱོད་པའི་དུས་ནས་བཟུང་ངས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ཤེས་རྟོགས་བྱུང་རྗེས་གླུ་དབྱངས་བརྒྱུད་བོད་དོན་རྒྱབ་སྐྱོར་བྱེད་འགོ་བཙུགས་པ་ཡིན། ཉེ་བའི་ཆར་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་དང་། ཧོང་ཀོང་གཞོན་སྐྱེས་ཀྱི་སྙིང་སྟོབས་ནས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་གསུངས། ཁོང་གིས་ད་དུང་ཐེ་ཝན་གྱི་སྲིད་གཞུང་དང་གྲོས་ཚོགས་གསར་པས་བཙན་གནོན་མྱོང་བཞིན་པའི་མི་རིགས་ཚོར་སྔར་ལྷག་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་གསུངས།
ཧོང་ཀོང་མང་གཙོའི་སློབ་གྲྭ་གསར་པའི་སློབ་དཔོན་ Prof. Joseph Cheng ལགས་ཀྱིས་གཙོ་སྐྱོང་འོག རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ John Clancy མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། ཧོང་ཀོང་གིས་བོད་ལ་དོ་སྣང་བྱེད་དགོས་པའི་རྒྱུ་རྐྱེན་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་།
ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཞོན་བསྟན་འཛིན་རྣམ་དག་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་། དེ་བཞིན་དུས་དེབ་ཀུན་གསལ་འོད་སྣང་གི་རྩོམ་སྒྲིག་པ་ལྕམ་སྐུ་ལུ་ Hui-chuan Lu ལགས་དང་། ཐེ་ཝན་རྒྱལ་ཡོང་ཆབ་སྲིད་སློབ་གྲྭ་ཆེན་མོའི་སློབ་དཔོན་ Prof. Lee Yeau-tarn ལགས། ཐེ་ཝན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྕམ་སྐུ་ Cheng Kai-Jung(Karen) ལགས་བཅས་ནས་བོད་དང་། རྒྱ་ནག ཧོང་ཀོང་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
མཐའ་མའི་དྲི་བ་དྲི་ལན་གྱི་ཚོགས་ཐེངས་སྐབས་བརྗོད་གཞི་གཙོ་བོ་དེ་སྔ་བོད་རྒྱ་བར་གྲོས་མཐུན་དོན་ཚན་ ༡༧ བཞག་ནས་དོན་དམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལྟ་བུར་ཆགས་ཡོད་རུང་། དོན་དངོས་སུ་རྗེས་ལ་རྒྱ་གཞུང་གིས་གྲོས་མཐུན་གྱི་འབྲུ་དོན་རྩིས་མེད་རྡོག་རོལ་བཏང་བའི་ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིགས་ཚེ། ད་ལྟའི་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་དེའི་མ་འོངས་གནས་སྟངས་སྐོར་སེམས་ཚབ་དང་། བོད་ཀྱི་འདས་པའི་ལོ་རྒྱུས་ནས་སློབ་གསོ་ཇི་ལྟར་བླང་དགོས་མིན་སྐོར་ཧོང་ཀོང་མི་མང་གིས་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད། །