ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། གཞུང་དོན་སྲི་ཞུའི་ལས་དོན་ཐོག་དམིགས་བསལ་ཧུར་བརྩོན་དང་ལྷག་བློ་ཆེ་བསྐྱེད་ཀྱིས་བྱས་རྗེས་རྩེ་ཕུད་ཐོན་མཁན་རྣམས་ངོས་འཛིན་དང་གཟེངས་བསྟོད་བྱ་རྒྱུ་དང་། དེ་ལ་བརྟེན་ནས་སྲི་ཞུ་བ་གཞན་ཚོར་ཡང་མིག་དཔེ་བཟང་སྟོན་དང་སེམས་ཤུགས་བསྐྱེད་ཐབས། མང་ཚོགས་ཁྲོད་ལས་བྱེད་དེ་རིགས་ངོ་འཕྲོད་ཐུབ་ཐབས་སུ་དམིགས་ནས་གཟེངས་རྟགས་འབུལ་འགོ་ཚུགས་ཡོད་པ་བཞིན། ཕྱི་ལོ་ ༢༠༡༥ ལོའི་འགན་འཛིན་སྡེ་ཚན་གྱི་གཟེངས་རྟགས་དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཚད་མཉམ་ཚེ་རིང་བསམ་གྲུབ་ལགས་དང་། ལས་བྱའི་སྡེ་ཚན་གྱི་གཟེངས་རྟགས་དེ་ཕྱི་དྲིལ་ལས་ཁུངས་ཀྱི་སྡེ་འགན་རྡོ་རྗེ་ཚེ་རིང་ལགས་གཉིས་སུ་འབུལ་གཏན་འཁེལ་ཡོད། ཁོང་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་གཤམ་གསལ།
༡། ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཚད་མཉམ་ཚེ་རིང་བསམ་གྲུབ་ལགས་ཀྱི་ངོ་སྤྲོད་སྙིང་བསྡུས།
ཟུང་དྲུང་ཚད་མཉམ་ཚེ་རིང་བསམ་གྲུབ་ལགས་ནི་ཕྱི་ལོ་ ༢༠༠༠ ལོ་ནས་ཤེས་རིག་ལས་ཁུངས་ཀྱི་ཟུར་འཇོག་སྲི་ཞུའི་ཁོངས་འཛུལ་ཞུགས་ཀྱིས་ད་ལྟའི་ཆར་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་དང་། སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་གཅིག་ལྕོགས་གནང་མུས་དང་། ལྷག་པར་འདས་པའི་ལོ་ངོ་གསུམ་གྱི་ནང་དོ་བདག་ནས་དམིགས་བསལ་བྱས་རྗེས་གཟེངས་ཐོན་བྱུང་བའི་ལས་དོན་ཁོངས་སུ་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པར་འོས་སྦྱོང་དང་ཟབ་སྦྱོང་སྣ་མང་གོ་སྒྲིག་འཐུས་ལེགས་དང་། སློབ་གྲྭ་ནང་ཁུལ་རིགས་ལམ་འདུ་འཛོམས་གསར་གཏོད་དང་དེ་དག་བརྒྱུད་ནས་སློབ་ཚན་གཞན་ཁག་སློབ་ཁྲིད་ལས་འཆར་སྤེལ་ཐུབ་པ་བྱུང་ཡོད། རང་རིགས་ན་གཞོན་ཁོངས་སུ་བོད་ཀྱི་རིག་གནས་ཐོག་དམིགས་བསལ་དོ་དབྱིངས་ཡོད་པ་རྣམས་ལ་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་ལས་འཆར་གསར་གཏོད་གནང་ཡོད། བོད་པའི་སློབ་གྲྭ་དང་རྒྱ་གར་སློབ་གྲྭའི་དབར་ཤེས་ཡོན་ཉམས་གསོག་གི་ལས་འཆར་གསར་པ་སྤེལ་ཡོད། འདས་པའི་ལོ་ངོ་གསུམ་གྱི་ནང་ཤེས་ཡོན་དང་འབྲེལ་བའི་ཚོགས་ཆེན་ཁག་གཅིག་གོ་སྒྲིག་འགན་ཁུར་རྐང་ལེན་ཞུས་ཡོད་པ་དང་། དེ་བཞིན་སློབ་ཁག་ ༥༢ ནང་འཛིན་གྲྭའི་དཔེ་མཛོད་གྲངས་ ༡༩༣ ཙམ་གསར་བསྐྲུན་གྱི་ལས་གཞིའི་འགན་ཁུར་རྐང་ལེན་ཞུས་ཡོད། སྲོལ་རྒྱུན་ཤེས་ཡོན་གོང་འཕེལ་གཏོང་ཐབས་སུ་བོད་ཁྱིམ་ནས་གཞི་རིམ་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་འགན་ཁུར་རྩིས་ལེན་ཞུས་ཡོད་པ་དང་། གཞི་རིམ་སློབ་མའི་བོད་ཡིག་དྲ་ཚིགས་ bodyiglobjong.com དོ་བདག་གི་རྐང་འགན་ཐོག་སྔ་ལོར་དབུ་འབྱེད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་བྱང་ཨ་རི་གཟའ་མཇུག་སློབ་གྲྭའི་སློབ་དེབ་ཐོག་དོ་བདག་ནས་སྤྱི་ཡོངས་ཀྱིས་སྟངས་འཛིན་འགན་ཁུར་འཐུས་ལེགས་ཞུས་དང་ཞུ་མུས་སོགས་ཡིན་ན། ཕྱི་ལོ་ ༢༠༡༥ ལོའི་འགན་འཛིན་སྡེ་ཚན་གྱི་གཟེངས་རྟགས་ཁོ་པར་འབུལ་གཏན་འཁེལ་བའི་ལོ་རྒྱུས་སྙིང་བསྡུས་སུ།
༢། ཕྱི་དྲིལ་སྡེ་འགན་རྡོ་རྗེ་ཚེ་རིང་ལགས་ཀྱི་ངོ་སྤྲོད་སྙིང་བསྡུས།
ཕྱི་དྲིལ་སྡེ་འགན་རྡོ་རྗེ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༩༧ ལོ་ནས་སྲི་ཞུའི་ལས་བྱེད་ཁོངས་སུ་འཛུལ་ཞུགས་ཀྱིས་ད་ལྟའི་ཆར་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྣར་ཐང་དཔར་ཁང་གི་འགན་འཛིན་གནང་མུས་སུ་ཡིན་པ་དང་། དོ་བདག་ནས་འདས་པའི་ལོ་ངོ་གསུམ་གྱི་ནང་དམིགས་བསལ་བྱས་རྗེས་གཟེངས་ཐོན་བྱུང་བའི་ལས་དོན་ཁོངས་སུ་ད་བར་སྣར་ཐང་དཔར་ཁང་གི་འགན་འཛིན་གནང་མུས་སྐབས་སུ་གཞུང་འབྲེལ་ཡིག་ཆ་གྲངས་འབུམ་བཅུ་གཅིག་ཡན་ཙམ་དུས་ཐོག་པར་སྐྲུན་ཞུ་དགོས་རིགས་འགན་ལེན་གཙོ་བཞེས་ཀྱིས་པར་སྐྲུན་ཞུས་ཡོད། ཡིག་ཆ་པར་སྐྲུན་ཙམ་མིན་པར་ཡིག་ཆ་ཁག་ཀམ་པུ་ཊར་ནང་སྒྲིག་སྦྱོར་བྱ་དགོས་དང་། འཕྲུལ་ཆས་ཁག་སྐྱོན་ཤོར་ཆུང་ཚགས་རིགས་བྱུང་སྐབས་དམིགས་བསལ་ཁྱད་ལས་ཟུར་དུ་གཡར་མི་དགོས་པར་དོ་བདག་ནས་འགན་བཞེས་ཀྱིས་བཟོ་མུས་སུ་ཡོད། ལྷག་པར་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སྐབས་འོས་ཤོག་སོགས་པར་སྐྲུན་བྱ་དགོས་ཁག་དུས་ཐོག་པར་སྐྲུན་ཞུས་ཐུབ་པ་བྱུང་ཡོད། དེ་བཞིན་རྒྱུན་ལྡན་ནས་རང་འཁྲི་ལས་འགན་ཐོག་ཧུར་བརྩོན་དང་གོང་གོང་རིམ་ལ་བརྩི་བཀུར་ཞུ་མཁན་གྱི་ལས་བྱེད་དྲག་གྲས་ཞིག་ཡིན་ན། ཕྱི་ལོ་ ༢༠༡༥ ལོའི་ལས་བྱའི་སྡེ་ཚན་གྱི་གཟེངས་རྟགས་ཁོ་པར་འབུལ་གཏན་འཁེལ་བའི་ལོ་རྒྱུས་སྙིང་བསྡུས་སུ།
སྒྲིག་གསལ་གཟེངས་རྟགས་འདི་བཞིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཟེངས་རྟགས་གནང་གཏན་འཁེལ་ཡོད།།