ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་༢༠༡༦ ཟླ་ ༥ ཚེས་ ༣༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་མཛད་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་ཚེ་རིང་དོན་གྲུབ་མཆོག་དང་ངག་དབང་ཆོས་གྲགས་མཆོག སྲིད་སྐྱོང་བློ་བཟང་སེངྒེ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ། སྤྱི་འཐུས་རྒྱུན་ལས། དྲུང་ཆེ་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་མཚམས་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་།
དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་པདྨ་འབྱུང་གནས་མཆོག་རྣམ་གཉིས་ཀྱིས་ལོ་གཉིས་དང་ཕྱེད་ཀའི་རིང་རེ་མོས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མཛད་ཁུར་གནང་གཏན་འཁེལ་བ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་བདམས་ཐོན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་མཛད་ཁུར་དམ་བཅའ་དང་གསང་རྒྱའི་དམ་བཅའ་ཕུལ་རྗེས།
ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་སྒྲོན་འབུལ་གནང་མཚམས། དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད། དེ་ནས་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་གྲུབ་བསྟུན། རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཡོད། དེ་རྗེས་གནད་ཡོད་མི་སྣ་རྣམས་ཀྱིས་རིམ་བཞིན་ཁོང་གཉིས་ལ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་ཞུས་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་ཡོད་པ་བཅས།།