༢༠༡༦ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༩ ཉིན་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་༸གོང་ས་མཆོག་དང་ཐུགས་འདྲིས་ཧ་ཅང་ཉེ་བའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་ཨི་ཊ་ལི་རེ་ཌི་ཀལ་ཆབ་སྲིད་ཚོགས་པའི་ Transnational Radical Party འཐུས་མི་སྐུ་ཞབས་མར་ཀོ་པ་ནེལ་ལ་ Mr. Marco Pannella མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་གསོའི་གནས་འཕྲིན་ཞིག་གནང་བའི་ནང་འཁོད་དོན། ངོས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་མར་ཀོ་པ་ནེལ་ལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་གི་ནང་མི་ལྟོས་བཅས་དང་ཨི་ཊ་ལིའི་རེ་ཌི་ཀལ་ཆབ་སྲིད་ཚོགས་པའི་ལས་རོགས་རྣམས་ལ་བློ་ཕམ་ཆེན་པོས་སེམས་གསོ་ཞུ་རྒྱུ་ཡིན།
དམ་པ་ཁོང་ནི་ཡུན་རིང་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས། བོད་མི་ཚོས་དུས་རྟག་ཏུ་ཁོང་གི་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་དང་། དམ་པ་ཁོང་གི་སྤྱི་འབངས་ཐོབ་ཐང་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་དེ་བོད་མི་ཚོར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུར་བློ་སྟོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད། དེ་ཡང་སྐུ་ཞབས་མར་ཀོ་པ་ནེལ་ལ་མཆོག་དམ་པ་ཁོང་སྔ་ལོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གོ་སྒྲིག་ཞུས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོར་ཆེད་ཕེབས་གནང་ཡོད། ཅེས་འཁོད་འདུག
སྤྱིར་སྐུ་ཞབས་མར་ཀོ་པ་ནེལ་ལ་དམ་པ་ཁོང་ནི་ཨི་ཊ་ལིའི་ཆབ་སྲིད་མི་སྣ་རྙིང་གྲས་ཤིག་ཡིན་པ་མ་ཟད། ཨི་ཊ་ལིའི་རེ་ཌི་ཀལ་ཆབ་སྲིད་ཚོགས་པ་གསར་འཛུགས་གནང་མཁན་གྱི་དབུ་ཁྲིད་ཅིག་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཟུར་པ་ཞིག་ཡིན་འདུག དམ་པ་ཁོང་ནི་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༩ ཉིན་དགུང་གྲངས་ ༨༦ ཐོག་འབྲས་ནད་རྐྱེན་པས་འདས་གྲོངས་སུ་གྱུར་འདུག་པ་བཅས།།