༢༠༡༦ ཟླ་ ༥ ཚེས་་༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༢ ཉིན་ཕ་རན་སིའི་བྱང་ཕྱོགས་སུ་ཡོད་པའི་བྷེ་ཛི་མོན་ Bazemont དང་། ཕ་རན་སིའི་ལྷོ་ཕྱོགས་སུ་ཡོད་པའི་ལུ་གོན་ Lugan བཅས་གྲོང་སྡེ་ལས་ཁུངས་གཉིས་ཀྱིས་བོད་ཀྱི་ས་ཁུལ་སྤུ་ཧྲེང་དང་སྐྱེ་རྒུ་མདོ་གཉིས་ལ་རྒྱབ་སྐྱོར་གནང་རྒྱུའི་ཐག་གཅོད་བྱུང་བའི་མཛད་སྒོ་ཚོགས་ཡོད། དེ་ཡང་བོད་ཀྱི་གྲོང་སྡེ་དང་གྲོང་གསེབ་ལ་རྒྱབ་སྐྱོར་གནང་རྒྱུའི་ལས་འགུལ་འདི་བཞིན་France-Tibet ཞེས་པའི་ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པས་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ལས་འགུལ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་ཡོང་སླད་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཆེད་དམིགས་པ་ཞིག་ཡིན་པ་མ་ཟད། ལྷག་པར་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ཕ་རན་སིའི་མང་ཚོགས་ནས་རྒྱབ་སྐྱོར་གང་མང་ཐོབ་ཆེད་ཡིན་འདུག རྒྱབ་སྐྱོར་གྱི་ལས་གཞི་དེར་མཉམ་ཞུགས་གནང་མཁན་གྲོང་སྡེ་རྣམས་ཀྱིས་གྲོང་སྡེའི་ཚོགས་ཁང་ངམ་ས་ཚིགས་གལ་གནད་ཅན་ཞིག་ཏུ་རྒྱབ་སྐྱོར་གནང་རྒྱུའི་གསལ་བསྒྲགས་ཀྱི་སྒོ་བྱང་ཞིག་བཀལ་དགོས་ཀྱི་ཡོད་པ་དང་། གྲོང་སྡེའམ་རྫོང་སྡེ་ཁག་གཅིག་གིས་སྒོ་བྱང་དེ་གྲོང་སྡེ་དང་རྫོང་སྡེའི་ནང་འཛུལ་ས་དང་ཐོན་སའི་སྒོ་ཁར་བཀལ་གྱི་ཡོད་འདུག སྤྱིར་ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་ས་ཁུལ་ཁག་ལ་རྒྱབ་སྐྱོར་གནང་རྒྱུའི་ལས་འགུལ་སྤེལ་འགོ་བརྩམས་པ་ནས་བཟུང་ད་བར་ཕ་རན་སིའི་གྲོང་སྡེ་དང་རྫོང་སྡེ་ལས་ཁུངས་ཁྱོན་གྲངས་ ༦༨ ཀྱིས་ལས་འགུལ་དེར་མཉམ་ཞུགས་གནང་འདུག
དེ་ཡང་ཕ་རན་སིའི་གྲོང་སྡེ་ལུ་གོན་ Lugan ཏུ་རྒྱབ་རམ་གྱི་ལས་གཞི་དབུ་འབྱེད་ཀྱི་མཛད་སྒོར་གྲོང་སྡེ་སྤྱི་ཁྱབ་པ་ Mr. Xavier Cremoux མཆོག་གིས་གཙོས་གྲོང་སྡེ་ལས་ཁུངས་ཀྱི་ལས་བྱེད་དང་། གྲོས་ཚོགས་འཐུས་མི། ས་གནས་ཆེས་མཐོའི་འཛིན་སྐྱོང་ལས་ཁུངས་ཀྱི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། དེ་ཉིན་ཨོ་སི་ཏ་ནི་ཡ་དང་བོད་ཀྱི་རིག་གཞུང་དུས་སྟོན་ཉིན་མོ་Occitania-Tibet Culture Festivalཡང་སྲུང་བརྩི་ཞུས་འདུག ཨོ་སི་ཏ་ནི་ཡ་ནི་ཕ་རན་སིའི་ལྷོ་ཕྱོགས་སུ་ཆགས་པའི་ཨོ་སི་ཏན་གྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་གྱི་ས་གནས་ཤིག་ཆགས་ཡོད། སྐབས་དེར་བོད་དང་ཨོ་སི་ཏ་ནི་ཡའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་ཚོགས་འདུག
གཞན་ཡང་ཕ་རན་སིའི་བྷེ་ཛི་མོན་གྲོང་སྡེར་མཛད་སྒོ་འཚོགས་སྐབས་བྷེ་ཛི་མོན་གྲོང་སྡེའི་སྤྱི་ཁྱབ་པ་ Mr. Jean-Bernard Hetzel མཆོག་དང་མག་གྲོང་སྡེའི་སྤྱི་ཁྱབ་པ་Mayor of Marcq མཆོག ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཀྱིས་མཉམ་ཞུགས་གནང་འདུག སྤྱིར་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ཉིན་ཚོགས་གཏན་འཁེལ་ཡོད་ཀྱང་། སྐབས་དེར་ཕ་རན་སིའི་རྒྱལ་ས་པེ་རི་སིར་འཇིགས་སྐུལ་རིང་ལུགས་པས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་བར་བརྟེན་མཛད་སྒོ་ཕར་འགྱངས་བྱེད་དགོས་བྱུང་ཡོད་པ་བཅས།།