༢༠༡༦ ཟླ་ ༤ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཏི་གཉིས་པ་ Queen Elizabeth II མཆོག་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ངོས་རང་བོད་ནང་དུ་ཕྲུ་གུ་ཆུང་ཆུང་ཡིན་སྐབས་རྒྱལ་མོ་མཆོག་ལ་ཡིད་སྨོན་ཞུ་མྱོང་ཡོད་ལ། རྒྱལ་མོ་མཆོག་གི་ལོ་རྒྱུས་ཡང་བལྟ་ཀློག་བྱས་མྱོང་ཡོད་པ་མ་ཟད། སྐབས་དེར་ལོན་ཌོན་ནང་དམག་འཁྲུག་གི་གོད་ཆག་ཕོག་པའི་མི་སེར་རྣམས་ལ་རྒྱལ་མོ་མཆོག་ནང་མི་སྟོན་འཁོར་དང་ལྷན་སེམས་གསོ་གནང་ཆེད་ཕེབས་པའི་གློག་བརྙན་ཞིག་ཀྱང་མཇལ་མྱོང་ཡོད་པ་དྲན་བཞིན་འདུག རྒྱལ་མོ་མཆོག་ནི་ཨིན་ཡུལ་གྱི་རྒྱལ་སྲིད་དུས་ཡུན་རིང་ཤོས་བསྐྱངས་གནང་མཁན་ཞིག་ཡིན་སྟབས། ཐེངས་འདིར་དགུ་སྟོན་གྱི་མཛད་སྒོ་དེ་ཡང་གཟབ་རྒྱས་འོས་མཚམས་ལྡན་པའི་ཐོག་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་གོར་མ་ཆག རྒྱལ་མོ་མཆོག་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་དགུ་སྟོན་གྱི་འཚམས་འདྲི་ཞུ་བཞིན་པའི་སྐབས་འདིར་ངོས་ནས་ཀྱང་རྒྱལ་མོ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། སྐུའི་འཁྲུངས་སྐར་ཉིན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་འཁོད་པ་མ་ཟད། རྒྱལ་མོ་མཆོག་ནི་མི་མང་པོ་ཞིག་ལ་ཆོད་སེམས་དང་སྙིང་སྟོབས་སྦྱིན་མཁན་གྱི་འགྱུར་བ་མེད་པའི་མཚོན་དོན་ཞིག་ཡིན་ཞེས་དང་།
མཐར་༸གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སྩལ་དོན། བཀྲ་ཤིས་པའི་དུས་སྐབས་འདིར་ངོས་ཀྱིས་རྒྱལ་མོ་མཆོག་སྐུ་ཚེ་རྒྱས་ཤིང་ཨིན་ཡུལ་དང་ཨིན་ཡུལ་གྱི་ཆབ་འབངས་སུ་གཏོགས་པའི་མེ་སེར་རྣམས་དུས་རྟག་ཏུ་འབྱོར་བ་རྒྱས་པ་དང་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
མ་ཡིག་ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།