༢༠༡༦ ཟླ་ ༣ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ རེས་གཟའ་ཟླ་བའི་ཉིན་༸གོང་ས་མཆོག་གིས་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་གྲོང་ཁྱེར་རུ་ཆི་སི་ཊར་ Rochester ནང་རྟེན་གཞི་བྱས་པའི་མེ་ཡོ་སྨན་ཁང་དུ་སྨན་པ་དང་སྨན་ཞབས་པ་སོགས་ལ་འཕྲོད་ལས་ཐོག་བྱམས་བརྩེའི་ཉམས་ལེན་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ་བ་དང་སྦྲགས། བགྲོ་གླེང་ལྷན་ཚོགས་བསྐྱངས་ཡོད། དེ་ཉིན་༸གོང་ས་མཆོག་གིས་ཉིན་དགུང་ལྗགས་སྨིན་གྲུབ་རྗེས་སྨན་ཁང་གི་མཆོད་ཁང་ཞིག་ཡོད་པ་དེར་ཆིབས་སྒྱུར་བསྐྱངས་སྐབས་ཞབས་སྟེགས་ཆེད་རྒྱན་ཤོག་ཐོབ་པའི་ཚོགས་བཅར་བ་མི་གྲངས་ ༥༠༠ རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་མེ་ཡོ་སྨན་ཁང་གི་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་གཅིག་ལྕོགས་ཡིན་པ་སྐུ་ཞབས་ཇོན་ནུ་སི་ཝོར་དི་མཆོག་ CEO John Noseworthy གིས་ཐོག་མར་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་གནང་།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། རྣམ་པ་ཚོའི་འབད་བརྩོན་ལ་བརྟེན་ནས་སྨན་ཁང་འདི་ལྟ་བུ་ཧྲ་ཏག་ཏག་བྱས་ནས་འཛིན་སྐྱོང་ཐུབ་བཞིན་ཡོད། དེར་བརྟེན་དེ་རིང་ཁྱེད་རྣམ་པའི་མདུན་དུ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ངོས་ལ་ཆེ་མཐོང་ཐོབ་པ་ཞིག་བྱུང་། མི་བརྒྱ་ཕྲག་སྟོང་ཕྲག་མང་པོས་རེ་བ་བཅོལ་ནས་འདིར་བསྟེན་གཏུགས་ཆེད་ཕེབས་མཁན་ཚོར་ཁྱེད་རྣམ་པས་ནད་པ་དེ་དག་གི་རེ་འདོད་སྐོང་བཞིན་ཡོད། ལུས་སེམས་གཉིས་ནད་ཀྱིས་མནར་བ་རྣམས་ལ་ལྟ་རྟོག་བྱ་རྒྱུའི་ལས་ཀ་དེ་དཀའ་ཚེགས་ཅན་ཞིག་རེད། ངོས་རང་སྨན་ཁང་འདིར་བསྟེན་གཏུགས་བྱེད་མཁན་ནད་པ་རྙིང་པ་ཞིག་ཡིན། ཐེངས་འདིར་ངོས་ཀྱིས་སྨན་ཁང་འདིར་ཟླ་བ་གཅིག་ལྷག་ཙམ་རིང་བསྡད་པ་ཡིན། ངོས་རང་འདིར་སྡོད་པའི་རིང་སྨན་པ་དང་སྨན་ཞབས་པ། དེ་བཞིན་འབྲེལ་ཡོད་བཅས་ཚང་མས་ངོས་ལ་བྱམས་སྐྱོང་ཧ་ཅང་གནང་བྱུང་། ཁྱེད་ཚོས་རང་འཁྲི་ལས་འགན་ཧུར་ཐག་གནང་བ་ཙམ་མ་ཟད་གཙོ་ཆེ་ཤོས་གཞན་ཕན་གྱི་ཀུན་ནས་བླངས་ཏེ་བྱམས་སྐྱོང་གནང་བྱུང་། ཞེས་དབུ་འཛུགས་མཛད་རྗེས་དཀའ་ངལ་འཕྲད་བཞིན་པའི་མི་རྣམས་ལ་ཆོས་དད་ཀྱིས་རེ་བའི་ངལ་གསོ་སྦྱིན་བཞིན་ཡོད། དད་པས་དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་རེ་བ་སྦྱིན་བཞིན་ཡོད་པ་མ་ཟད། འཇིག་རྟེན་ཕྱི་མའི་ལྔ་ལམ་དུ་གྱུར་བར་མངོན་དུ་ཕྱོགས་པའི་མི་ལའང་དད་པས་རེ་བ་སྦྱིན་བཞིན་ཡོད། ང་ཚོའི་དབར་རིགས་རུས་དང་རྒྱལ་ཁབ། ཆོས་དད་ཡོད་མེད། དབུལ་ཕྱུག ཤེས་ཡོན་ཡོད་མེད་སོགས་ཀྱི་ཁྱད་པར་དེ་དག་གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དེའི་ཐོག་ནས་བསམ་བློ་གཏང་བ་ཡིན་ན་རིམ་པ་གཉིས་པ་རེད།
དེར་བརྟེན་གལ་ཏེ་ང་ཚོས་རིམ་པ་གཉིས་པ་དེར་གཙོ་འདོན་བྱས་ནས་ཕྱིན་པ་ཡིན་ན་རྙོག་གྲ་བཟོ་རྒྱུ་རེད། གཞི་རིམ་ཐོག་ནས་ང་ཚོ་ཚང་མ་གཅིག་པ་ཡིན་སྟབས། འཛམ་གླིང་ནང་གི་འགྲོ་བ་མི་རིགས་དུང་ཕྱུར་ ༡༣ ཡོད་པ་དེ་དག་འགྲོ་བ་མི་གཅིག་གྱུར་ཡིན་བསམས་པའི་འདུ་ཤེས་འཛིན་ཐུབ་པ་ཡིན་ན་རྙོག་གྲ་དང་དཀའ་ངལ་མང་དག་གཅིག་སེལ་ཐུབ་རྒྱུ་རེད། དེར་བརྟེན་ངོས་ཀྱིས་ཐོག་མར་འཚམས་འདྲི་ཞུ་སྐབས་སྤུན་མཆེད་ཕོ་མོ་རྣམ་པ། ཞེས་བརྗོད་ཀྱི་ཡོད། གལ་ཏེ་ངོས་ཀྱིས་ཁྱེད་ཚོ་དང་ངོས་གཉིས་དབར་མི་འདྲ་བའི་ཁྱད་པར་ལ་བསམ་བློ་གཏང་ནས་བསྡད་པ་ཡིན་ན། དཔེར་ན། ངོས་རང་ཨེ་ཤི་ཡ་ནས་ཡིན་པ་དང་ནང་པའི་དགེ་སློང་ཞིག་ཡིན་པ། དེ་བཞིན་བོད་མི་ཞིག་ཡིན་པ་དང་། ༸རྒྱལ་བ་རིན་པོ་ཆེ་ཡིན་བསམས་ནས་བསྡད་པ་ཡིན་ན་རང་བཞིན་གྱིས་ངོས་དང་ཁྱེད་ཚོའི་དབར་བར་ཁྱད་གཅིག་ཆགས་ནས་ངོས་རང་གཅིག་པུ་ཁྱེར་རྐྱང་དུ་ལུས་རྒྱུ་རེད། དེ་ལས་ལྡོག་སྟེ་གལ་ཏེ་ངོས་ཀྱིས་ཁྱེད་རྣམས་དང་མཚུངས་པར་ངོས་རང་ཉིད་ཀྱང་འགྲོ་བ་མི་ཞིག་ཡིན་བསམས་ནས་གཅིག་གྱུར་གྱི་འདུ་ཤེས་འཛིན་པ་ཡིན་ན་ང་ཚོའི་དབར་ས་མཚམས་ཀྱི་མ་ཆོད་པར་འགྲོ་བ་མི་རིགས་ཐེར་འབུམ་ ༧ ཡོད་པ་ཚང་མ་གཅིག་གྱུར་ཞིག་ཡོང་ཐུབ། དེང་སྐབས་འདི་ལྟ་བུའི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེ་བར་བརྟེན་ཤེས་ཡོན་ལམ་ལུགས་ཐོག་ནས་འགྲོ་བ་མིི་རིགས་ཕན་ཚུན་འཆམ་མཐུན་དང་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱེད་དགོས་པའི་དུས་ལ་བབ་ཡོད། ཁྱེད་རྣམ་པས་སྨན་ཁང་འདི་རུ་ནད་པ་བསྟེན་གཏུགས་ཡོང་མཁན་ཚོའི་ནད་དེར་བཅོས་ཐབས་ཇི་ལྟར་བྱེད་དགོས་མིན་ལྟ་བ་ལས་གང་ནས་ཡོང་མིན་དང་ཆོས་ལུགས་གང་ཡིན་སོགས་ཀྱི་སྐོར་འདྲི་རྩད་གང་ཡང་བྱེད་རྒྱུ་མ་རེད། དེ་ལྟ་བུའི་འདུ་ཤེས་འཛིན་ནས་ང་ཚོ་ཕན་ཚུན་མི་དང་མིའི་ཉིན་རེའི་འབྲེལ་ལམ་ཁྲོད་ལག་བསྟར་གནང་ཐུབ་པ་ཡིན་ན་ཚང་མར་ཕན་ཐོགས་ཡོང་ངེས་རེད། བྱམས་བརྩེ་ཟེར་བ་དེ་གཞན་གྱི་བདེ་སྡུག་ལ་སེམས་ཚོར་ཡོད་པ་དང་ཤ་ཚ་ཡོད་པ་ཞིག་ལ་བརྗོད་ཀྱི་ཡོད། ཁྱེད་རྣམ་པས་བྱམས་བརྩེའི་ཉམས་ལེན་ཐོག་ནས་ནད་པར་སྨན་བཅོས་གནང་བ་ཡིན་ན་ནད་པ་རང་ཉིད་ཙམ་མ་ཟད། ནད་པ་དེའི་ནང་མི་ཉེ་འབྲེལ་ཚང་མར་ཕན་ཐོགས་ཡོང་རྒྱུ་རེད། ཅེས་བཀའ་སློབ་སྩལ་རྗེས་ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ།།