༢༠༡༦ ཟླ་ ༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མེ་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༡ ཉིན་མགོན་པོ་གང་ཉིད་མཆོག་གིས་ (Minneapolis Convention Center)ཞེས་པའི་ཚོགས་ཁང་ཆེན་མོའི་ནང་། དད་ལྡན་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་བསྩལ་རྒྱུ་དང་། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཚོག མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག
ཕྱོགས་མཚུངས་ཕྱི་ཟླ་ ༣ ཚེས་ ༨ ཉིན་གྱི་སྔ་དྲོ་ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཝི་སི་ཀོན་སིན་མངའ་སྡེའི་གྲོང་ཁྱེར་མེ་ཌི་སོན་ Madison ནང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་བསྩལ་རྒྱུ་དང་། ཕྱི་ཚེས་ ༩ ཉིན་ཨ་རིའི་གྲོང་ཁྱེར་མེ་ཌི་སོན་ནང་རྟེན་གཞི་བྱས་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་ University of Wisconsin ནང་སེམས་ཁམས་འཕྲོད་བསྟེན་སློབ་གསོའི་བསྟི་གནས་ཁང་གིས་གོ་སྒྲིག་གནང་བའི་མི་སྒེར་དང་སྤྱི་ཚོགས། འཛམ་གླིང་ནང་བདེ་ཐབས་བསྐྲུན་རྒྱུ། ཞེས་པའི་བགྲོ་གླེང་ལྷན ཚོགས་སུ་ལྷན་ཞུགས་མཛད་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ཨ་རིའི་ཡུ་ཊ་ Utah མངའ་སྡེའི་རྒྱལ་ས་སོལ་ཊི་ལེཀ་Salt Lake City ནང་རྟེན་གཞི་བྱས་པའི་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་གི་རྩེད་རྭའི་ནང་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་གྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་དང་། བཀའ་སློབ་ཀྱི་ལས་རིམ་འདི་བཞིན་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་དང་ཡུ་ཊ་བོད་ཀྱི་དགེ་རྩ་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག