༢༠༡༥ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་གཏན་འབེབས་གནང་རྗེས་ད་བར་མངའ་སྡེ་ཁག་འགའ་ཤས་ཀྱིས་དེ་མཚུངས་སྲིད་བྱུས་ལག་བསྟར་གཏན་འབེབས་ཟིན་ནའང་། ནུབ་བྷེང་གལ་མངའ་སྡེས་ད་བར་སྲིད་བྱུས་དེ་གཏན་འབེབས་གནང་མེད། དེ་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མམ་ཏ་བྷེ་ནར་ཇི་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ཉིན་གསུང་དོན། ནུབ་བྷེང་གལ་མངའ་སྡེའི་སྲིད་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ད་ལྟའི་འཆར་ལག་བསྟར་གཏན་འབེབས་གནང་མེད། ཅེས་གསུངས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༨ ཉིན་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ The Statesman ཞེས་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིར་ནུབ་བྷེང་གལ་མངའ་སྡེའི་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་རགས་ཟིན་གཏན་འབེབས་གནང་བཞིན་ཡོད་པ་དང་།
རགས་ཟིན་དེའི་ནང་བོད་མི་སྐྱབས་བཅོལ་བ་ཚོར་ཤེས་ཡོན་དང་འཕྲོད་བསྟེན་སོགས་གང་ཅིའི་ཐོབ་ཐང་རྒྱ་མི་ཆུང་བ་ཞིག་སྤྲོད་རྒྱུ་ཡིན་པ་དང་། ཐོབ་ཐང་དེ་ཁོངས་ནས་མེས་པོ་དམ་པ་གཱན་དིའི་མཚན་གནས་རྗེས་དྲན་གྱི་གྲོང་གསེབ་ཡར་རྒྱས་གཏོང་རྒྱུའི་རོགས་སྐྱོབ་ཀྱི་ལས་གཞི། MNREGA ཞེས་པ་དང་། དེ་བཞིན་གྲོང་གསེབ་འཕྲོད་བསྟེན་ཡར་རྒྱས་ལས་གཞི་ NRHM ཞེས་པ། མང་ཚོགས་མཐུན་འགྱུར་བགོ་འགྲེམས་ལས་གཞི། PDS ཞེས་པ་དང་། གཞན་ཡང་དངུལ་ཁང་ནས་སྐྱེད་ཆུང་བུན་གཡར་གྱི་མཐུན་རྐྱེན་སོགས་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྦྱོར་རྒྱུ་ཡིན་པ་མ་ཟད། མངའ་སྡེའི་སློབ་གྲྭ་དང་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་མ་རྣམས་ལ་ཤེས་ཡོན་གྱི་མཐུན་འགྱུར་དམིགས་བསལ་གནང་རྒྱུ་དང་། བོད་པའི་སློབ་ཕྲུག་རིགས་གཅིག་རྐང་འཛིན་དང་ཆེད་ལས་སློབ་གཉེར་སྨན་གྱི་ཚན་རིག་ medical science དང་བཟོ་སྐྲུན་རིག་གནས། engineering སོགས་གནང་བཞིན་པ་རྣམས་ལ་མངའ་སྡེའི་གཞུང་གིས་དམིགས་བསལ་ཆག་ཡང་གི་གོ་སྐབས་དང་མཐུན་འགྱུར་རམ་འདེགས་གནང་རྒྱུ་ཡིན་པ་འཁོད་འདུག
དེ་ཡང་གསར་ཤོག་དེའི་ནང་འཁོད་དོན་ལྟར་ན། ད་ལྟའི་འཆར་རྒྱ་གར་མངའ་སྡེ་གྲངས་ ༡༠ ནང་བོད་མི་སྐྱབས་བཅོལ་བ་གྲངས་ཆིག་འབུམ་ལྷག་ཡོད་པ་དང་། དེ་ཁྲོད་ནས་བོད་མི་སྐྱབས་བཅོལ་བ་གྲངས་ ༣༠༠༠༠ ཙམ་ནུབ་བྷེང་གལ་མངའ་སྡེའི་ནང་རྟེན་གཞི་བྱས་ཡོད་པ་བཅས།།