ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དང་འབྲེལ་བའི་སློབ་གཉེར་ཁང་(Indian istitute of Mass Communication) ནང་ཨིན་ཡིག་གསར་འགོད་ལས་རིགས་ཐོག་སློབ་སྦྱོང་བྱེད་བཞིན་པའི་ལོ་རིམ་མཐའ་མའི་སློབ་མ་ཁག་གཅིག་ལ། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་ཤེས་ཡོན་དང་འབྲེལ་བའི་སྐོར་སྐྱོད་ལས་རིམ་ཞིག་གོ་སྒྲིག་གནང་འདུག
དེ་ཡང་ཉིན་དང་པོ་སྟེ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སློབ་མ་གྲངས་ ༣༢ དང་སློབ་སྟོན་དགེ་རྒན་གཅིག དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༠ ཙམ་མཉམ་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སོགས་ཀྱི་སྐོར་སློབ་ཕྲུག་ཚོར་ངོ་སྤྲོད་གནང་ཡོད། སྐབས་དེར་ཐོག་མར་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་དོན་ནི་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་བྱས་པར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་ཁྲི་ཕྲག་བརྒལ་བ་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་།
དེང་སྐབས་རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བ་རྣམས་ཀྱིས་གནའ་དེང་ཟུང་འབྲེལ་ཐོག་ནས་མང་གཙོའི་ལམ་སྲོལ་ལོངས་སུ་སྤྱོད་བཞིན་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་རྒྱུན་འཛིན་གནང་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད། གཞན་ཡང་དྲུང་ཆེས་སྐབས་དེར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་ངོ་བོ་དང་ལས་འགན། ལས་དོན་གནང་ཕྱོགས་སྐོར་གསལ་བཤད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ་ལས་དོན་བྱེད་ཕྱོགས་དང་། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ངོ་སྤྲོད་དང་ལས་འགན་གང་ཡིན་པ་སོགས་གོ་བདེའི་ངང་འགྲེལ་བརྗོད་གནང་སྟེ་མཇུག་ཏུ་སློབ་མ་ཚོས་དོགས་འདྲི་ཁག་ལ་ལན་འདེབས་གནང་སྟེ་ལས་རིམ་མཇུག་སྒྲིལ།
སྤྱིར་ཐེངས་དེའི་སྐོར་སྐྱོད་ཀྱི་ལས་གཞི་དེ་འདྲ་ཞིག་གོ་སྒྲིག་གནང་བའི་དགོས་དམིགས་གཙོ་བོ་ནི་བོད་དང་བོད་མིའི་འཐབ་རྩོད་སྐོར་གོ་རྟོགས་དང་དོ་སྣང་གོང་འཕེལ་གཏོང་ཆེད་ཡིན་འདུག་པ་དང་། ཐེངས་འདིའི་སྐོར་སྐྱོད་ལས་རིམ་ནང་སློབ་སྟོན་པ་དགེ་རྒན་གཅིག་དང་སློབ་ཕྲུག་ ༣༢ ཙམ་རྡ་སར་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་རྡ་ས་གཡས་གཡོན་གྱི་སློབ་གྲྭ་ཁག་དང་། ཚོགས་པ་གཞན་རྣམས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག་པ་བཅས། །