༢༠༡༥ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢ ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཤེས་ཡོན་གལ་ཆེ་ཡིན་སྐོར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་མ་སུ་རི་བོད་ཁྱིམ་ཚེ་རིང་སྒྲོལ་མའི་ཚོགས་ཁང་ནང་༸སྐུའི་གྱ་སྟོན་སྲུང་བརྩིའི་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས། བྱང་ཕྱོགས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག སྡེ་ར་ལྡུན་ས་གནས་འགོ་འཛིན་གྱིས་གཙོས་འགོ་འཛིན་དང་དགེ་ཆེ་རྣམ་པ། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་ཁག་གསུམ་དང་། སྤོན་ཊ་གཏན་སློབ། བདེ་སྐྱིད་གླིང་ཉིན་སློབ། དོན་གྲུབ་གླིང་བོད་མིའི་སློབ་གྲྭ། སྤྱན་རས་གཟིགས་སློབ་གྲྭ། མ་སུ་རི་གཏན་སློབ། ཧ་པར་པུར་གཏན་སློབ། སེ་ལ་ཀུའི་བོད་ཁྱིམ་བཅས་སྡེ་ར་ལྡུན་ཉེ་ཁུལ་གྱི་བོད་སློབ་ཁག་གི་དགེ་ལས་སློབ་ཕྲུག་རྣམ་པ། སྐུ་མགྲོན་རྣམ་པ་བཅས་ཁྱོན་མི་གྲངས་གསུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་གཞས་སྣ་འཁྲབ་སྟོན་སོགས་ཞུས་ཏེ་གྱ་སྟོན་སྲུང་བརྩིའི་མཛད་སྒོ་དབུ་འཛུགས་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཤེས་ཡོན་གལ་ཆེ་ཡིན་སྐོར་གསུང་བཤད་གནང་སྐབས། ཤེས་ཡོན་ཡར་རྒྱས་ཡོང་བར་གཙོ་བོ་སྒྲིག་འཛུགས་དང་། ལས་བྱེད། དགེ་རྒན། སློབ་ཕྲུག ཕ་མ་བཅས་ཚང་མའི་ཐོག་ནས་འབད་བརྩོན་བྱེད་དགོས་ལུགས་དང་།
ལྷག་པར་སློབ་གྲྭ་ཁག་གི་དམའ་རིམ་ནས་ཤེས་ཡོན་གྱི་གཞི་རྩ་ཡག་པོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར། སྲིད་སྐྱོང་མཆོག་གིས་ཁོང་རང་ཉིད་ཀྱིས་སྲིད་སྐྱོང་དམ་འབུལ་ཞུས་པའི་ཉིན་མོ་དེ་ནས་བཟུང་ཤེས་ཡོན་དེ་གལ་ཆེ་ཤོས་ཤིག་ལ་བརྩི་རྒྱུ་ཡིན་སྐོར་གསུང་བཤད་གནང་བ་ལྟར་ལོ་བཞིའི་ནང་ཤེས་ཡོན་ཐོག་ཡར་རྒྱས་ཕྱིན་ཡོད་སྐོར་གསུངས་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་སྤྱོད་པ་ཡག་པོ་བྱེད་དགོས་སྐོར་གསུང་དོན། ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས་ཀྱི་རེད་མ་གཏོགས། དེང་སང་གཞོན་སྐྱེས་ཁྲོད་ཐ་མག་ཉལ་ཐག་འཐེན་མཁན་དང་། དཀར་སུབ་སོགས་སྣོམ་མཁན་ཡོད་པ་གོ་རྒྱུ་འདུག ངས་སྙིང་དོན་ཞུ་རྒྱུ་ནི་ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་བྱས་ཐོག་སྤྱོད་པ་ཡག་པོ་བྱས་ཏེ་མི་ཚེ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས། དེ་བཞིན་ཁྱེད་རང་ཚོས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་སྐབས་བརྒྱ་ཆ་ ༩༥ ཡན་ལོན་མཁན་མང་ཙམ་འཐོན་ཤོག་ཨང་། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་རིམ་བཞིན་དམའ་རིམ་དང་མཐོ་རིམ་སྡེ་ཚན་ནས་བོད་དབྱིན་གཉིས་ཀྱི་ཐོག་ནས་༸གོང་ས་མཆོག་བཀའ་དྲིན་ཆེན་པོ་ཡིན་སྐོར་གྱི་གཏམ་བཤད་འགྲན་བསྡུར་བྱས། དེ་བཞིན་དེ་ཉིན་༸གོང་ས་མཆོག་གི་མཛད་འཕྲིན་ཁག་གསལ་བའི་སྐུ་པར་འགྲེམས་སྟོན་གནང་ཡོད་པ་མ་ཟད། བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་སློབ་གྲྭ་ནང་ཁུལ་སིལ་པོལ་འགྲན་བསྡུར་དང་། བོད་ཁྱིམ་གྱི་ཁང་ཚན་ནང་ཁུལ་གཞས་སྣ་འགྲན་བསྡུར་གནང་ཡོད་པ་བཅས།།