༢༠༡༥ ཟླ་ ༩ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པའི་ཚོགས་མི་ཁག་གཅིག་བཞུགས་སྒར་དུ་འཚམས་གཟིགས་དང་འབྲེལ་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་། ལྡི་ལི་ནང་རྟེན་གཞི་བྱས་པའི་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པའི་ཚོགས་གཙོ་སུ་ཤི་ར་དྷ་བྷཊ་(Sushi Radha Bhatt)དང་དྲུང་ཆེ་ཀུ་མཱར་པར་ཤནཏ་(Shri Kumar Prashant) ལགས། གུ་ཇུ་ར་ཏི་རྟེན་གཞི་བྱས་པའི་གཱན་དྷི་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་དང་། གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པ་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་སུ་དར་ཤན་ཨ་ཡར་ sudershan Iyengar མཆོག ནུབ་བྷང་གལ་གྱི་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པ་གི་དྲུང་ཆེ་ཅཱན་དན་པལ་ Chandan Pal མཆོག ལྡི་ལི་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པ་གི་དྲུང་ཆེ་ཟུར་པ་དང་བོད་པའི་གྲོགས་པོ་རྙིང་པ་སྐུ་ཞབས་སུ་རེན་ཌར་ཀུ་མཱར་ Surendra Kumar མཆོག གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར།
བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་འདིར་རྣམ་པ་ཚོ་ཕེབས་རོགས་ཞུས་དགོས་དོན་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དང་སྟབས་བསྟུན་ནས་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པའི་འགན་འཛིན་ལྕམ་སྐུ་རཱ་དཱ་བྷ་ཌི་ Radha Bhatt མཆོག་དང་། དྲུང་ཆེ་ཀུ་མཱར་པྲ་ཤཎཏ་ Kumar prashant ལགས། གུ་ཇུ་ར་ཏི་རྟེན་གཞི་བྱས་པའི་གཱན་དྷི་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་དང་། གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པ་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་སུ་དར་ཤན་ཨ་ཡར་ sudershan Iyengar མཆོག ནུབ་བྷང་གལ་གྱི་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པའི་དྲུང་ཆེ་ཅཱན་དན་པལ་ Chandan Pal མཆོག ལྡི་ལི་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པ་གི་དྲུང་ཆེ་ཟུར་པ་དང་བོད་པའི་གྲོགས་པོ་རྙིང་པ་སྐུ་ཞབས་སུ་རེན་ཌར་ཀུ་མཱར་ Surendra Kumar མཆོག་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྣམ་པ་ཚོ་དེ་རིང་འདིར་རྡ་རམ་ས་ལར་ཕེབས་པ་དང་། རྒྱུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པ་དེ་རིང་སྔ་དྲོ་གྲོས་ཚོགས་སུ་ཟུར་ཉན་ཕེབས་པ་དང་། ཉིན་དགུང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་མཉམ་གསོལ་ཚིགས་དང་འབྲེལ་བོད་དོན་སྐོར་བཀའ་བསྡུར་ཞུ་རྒྱུ། དེ་བཞིན་གསར་འགོད་ལྷན་ཚོགས་ཚར་བ་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་དུ་བཀའ་མོལ་ཞུ་རྒྱུ་རེད།
ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་མཉམ་དེ་རིང་དགོང་མོའི་གསོལ་ཚིགས་དང་མཉམ་དུ་བོད་དོན་སྐོར་བགྲོ་གླེང་གནང་རྒྱུ་བཅས་ཀྱི་ལས་རིམ་བང་སྒྲིག་ཡོད་རེད། ཁོང་ཚོ་རྒྱུན་རིང་པོ་ནས་བོད་དོན་ཐོག་ཤ་ཚ་ཡོད་མཁན་ཤ་སྟག་རེད། ངས་ཐོག་མར་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པའི་འགན་འཛིན་ལྕམ་སྐུ་རཱ་དཱ་བྷ་ཌི་མཆོག་ལ་གསུང་བཤད་གནང་རོགས་ཞུ་རྒྱུན་ཡིན། ཞེས་གསུངས་གྲུབ་བསྟུན། ལྕམ་སྐུ་རཱ་དཱ་བྷ་ཌི་མཆོག་གིས་གསུང་དོན། དེ་རིང་ང་ཚོ་འདིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྔ་ལོ་རྡ་སར་གནས་སྡོད་ང་ཚོའི་བོད་མི་གྲོགས་པོ་རྣམས་ཀྱིས་རྡ་སར་ཡོང་རྒྱུའི་མགྲོན་འབོད་གནང་ཡོད་ཀྱང་ཡོང་ཐུབ་མེད། སྟབས་ལེགས་པ་ཞིག་ལ་འདི་ལོ་ང་ཚོ་རྡ་སར་ཡོང་སྟེ་ཁྱེད་རྣམ་པའི་བྱེད་སྒོ་དེ་དག་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང་། ང་ཚོས་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་། ང་ཚོ་རྡ་སར་གཱན་དི་ཞི་བདེ་བདེ་རྩ་ཚོགས་པའི་གོ་སྒྲིག་གནང་ཐོག་ཡོང་བ་ཞིག་ཡིན། བདེ་རྩ་ཁང་འདི་ལྡི་ལིའི་ནང་རྟེན་གཞི་བྱས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ནང་བདེ་རྩ་ཁང་འདིའི་ཡན་ལག་ལས་ཁུངས་་ཀྱང་ཡོད། བདེ་རྩ་ཁང་འདི་བཞིན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་འགོ་བཙུགས་ཡོད་སྐོར་སོགས་དང་བདེ་རྩ་ཁང་དེའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག་གསུང་དོན། བདེ་རྩ་ཁང་འདི་ནི་བོད་མིའི་རང་དབང་སླར་གསོ་ཡོང་བར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། འདས་པའི་ལོ་ངོ་ལྔ་དྲུག་གོང་ནས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་བ་ནས་བཟུང་ང་ཚོ་ཧ་ཅང་བློ་ཚབས་དང་བློ་ཕམ་བྱུང་། ང་ཚོས་བློ་ཕམ་བྱེད་རྒྱུའི་ཚབ་ཏུ་རྒྱབ་སྐྱོར་མཚོན་ཆེད། རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམ་པ་དང་། ཞི་བདེ་ཚོགས་པ་ཁག དེ་བཞིན་མང་གཙོ་ཚོགས་པ་ཁག་གཅིག་བཅས་ལ་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲད་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་གཱན་དྷི་ཞི་བདེ་བདེ་རྩ་ཚོགས་པའི་དྲུང་ཆེ་ཀུ་མཱར་པྲ་ཤཎཏ་ལགས་ཀྱིས་གསུང་བཤད་གནང་དོན། རྣམ་པ་ཚོ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་འགན་འཛིན་ལྕམ་སྐུ་རཱ་དཱ་བྷ་ཌི་མཆོག་གིས་དབྱིན་ཡིག་ཐོག་གསུང་བཤད་གནང་སོང་། ངས་ཧིན་སྐད་ཐོག་བཤད་རྒྱུ་ཡིན། ངས་ཧིན་སྐད་བདེ་པོ་དང་དལ་པོའི་ཐོག་ནས་གང་ཐུབ་བཤད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་ཆིབས་སྒྱུར་མ་གནང་གོང་དང་། ཆིབས་སྒྱུར་གནང་རྗེས་ (J factor) ཞིག་ཡོད་པ་དེ་བོད་མིའི་ཆེད་ཧ་ཅང་གལ་ཆེན་པོ་ཡིན། ཇེ་ནི། ཇ་ཝ་ཧར་ལལ་ནེཧ་རུ་ Jawaharlal Nehru དང་། ཇེ་པར་ཀཤ་ན་རཱ་ཡན་ Jai Prakash Narayan གཉིས་ཡིན། བོད་ལ་རྒྱ་གར་གཞུང་ནས་ཆབ་སྲིད་ཀྱི་གལ་གནད་ཐོབ་པ་དེ་གཙོ་བོ་ཇ་ཝ་ཧར་ལལ་ནེཧ་རུ་མཆོག་ཡིན། ཁོང་གི་བོད་ལ་ཆབ་སྲིད་དང་བཟང་སྤྱོད་ཀྱི་རྒྱབ་སྐྱོར་ཆ་ཚང་གནང་ཡོད། དེ་བཞིན་རྒྱ་གར་མི་མང་ངོས་ནས་རྒྱབ་སྐྱོར་གང་ཐོབ་པ་དེ་དག་ཇེ་པར་ཀཤ་ན་རཱ་ཡན་མཆོག་གིས་རྒྱབ་སྐྱོར་མཚོན་ཐུབ། དེར་བརྟེན་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ཐད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། ཇ་ཝ་ཧར་ལལ་ནེཧ་རུ་མཆོག ཇེ་པར་ཀཤ་ན་རཱ་ཡན་མཆོག་དང་འབྲེལ་བ་ཤུགས་ཆེན་པོ་ཡོད། འབྲེལ་བ་དེ་ང་ཚོས་ཧ་ཅང་རྩ་ཆེན་པོར་རྩི་བཞིན་ཡོད། ཁྱེད་ཚོས་ཏཱ་མའི་བླ་མ་མཆོག་ནི་བོད་ཀྱི་༸སྐྱབས་མགོན་ཡིན་ཞུས་ཀྱི་ཡོད། ང་ཚོས་ཏཱ་ལའི་བླ་མ་མཆོག་ནི་འཕགས་བོད་གཉིས་ཀྱི་ཆོས་ཕྱོགས་ཀྱི་བླ་མ་ཡིན་ཞེས་བརྗོད་ཀྱི་ཡོད། ང་ཚོས་གང་ཉིད་མཆོག་ལ་ང་ཚོའི་བླ་མས་ཁོངས་བརྩི་གི་ཡོད། གང་ཡིན་ཞེ་ན་བདག་ཉིད་ཆེན་པོ་གཱན་དྷིའི་རྗེས་ཞི་བའི་ཐོག་ནས་འཛམ་གླིང་ཡོངས་ལ་སྣེ་ཁྲིད་མཁན་ཁོངས་སུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཚན་ནི་དང་ཤོས་ཡིན། རྣམ་པ་ཚོ་ཚང་མས་མཁྱེན་གསལ་རེད།
བོད་དོན་འཐབ་རྩོད་ཆེད་རྒྱ་གར་ནང་གི་གཱན་དྷིའི་རྗེས་མཇུག་པ་རྣམས་དུས་རྒྱུན་དུ་བོད་མིར་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་སྐོར་རྒྱབ་སྐྱོར་གནང་མཁན་སུའང་མེད་པའི་སྐབས་དེར་ཇེ་པར་ཀཤ་ན་རཱ་ཡན་མཆོག་གིས་ལྡི་ལིར་རྒྱལ་སྤྱི་བོད་དོན་ལྷན་ཚོགས་ཐེངས་དང་པོ་དེ་གོ་སྒྲིག་གནང་བ་རེད། སྐབས་དེར་ཁོང་གིས་བོད་ཀྱི་རང་དབང་དེ་རྒྱ་གར་གི་རང་དབང་དང་འབྲེལ་བ་ཡོད་སྐོར་ཁྱབ་བསྒྲགས་གནང་ཡོད། རྒྱ་གར་གཞུང་མང་གཉིས་ནས་བོད་ལ་མཐུན་འགྱུར་གནང་བ་ནང་བཞིན་བོད་ནས་རྒྱ་གར་ལ་རོགས་སྐྱོར་ཐོབ་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ང་ཚོར་བཟང་སྤྱོད་སྐོར་ལམ་སྟོན་གནང་མུས་དེ་རིན་ཐང་བྲལ་བ་རེད། བོད་ལ་རང་དབང་མ་ཐོབ་པར་དུ་རྒྱ་གར་དང་གཱན་དྷིའི་རྗེས་མཇུག་པ་རྣམས་ནས་རྒྱབ་སྐྱོར་མུ་མཐུད་ཡོད། ངས་དེ་རིང་གོ་སྐབས་འདི་བརྒྱུད་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ལ་ཞུ་རྒྱུར། རང་དབང་ནི་རིན་ཐང་བྲལ་བ་རེད། རང་དབང་ལས་ལྷག་པ་གང་ཡང་མེད།
ང་རང་རྒྱ་གར་གྱི་མི་སེར་ཞིག་ཡིན་པའི་ཆ་ནས་རྒྱ་གར་གཞུང་དང་། གྲོས་ཚོགས་ལ་རེ་སྐུལ་ཞུ་རྒྱུར། རྒྱ་གར་གྱི་གྲོས་ཚོགས་ངོས་ནས་བོད་དོན་དང་འབྲེལ་བའི་དམིགས་བསལ་གྲོས་ཚོགས་ཤིག་ཚོགས་དགོས་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་ཀྱིས་བཀའ་སློབ་སྩལ་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པ་ཁག་གིས་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།