ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༨ ཉིན་སྨན་རྩིས་ཁང་གི་སྨན་རམས་པ་པདྨ་རྡོ་རྗེ་ལགས་སྐུ་ཚེ་མ་བརྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེ་ཡང་འདི་གར་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་བརྒྱུད་བཏང་འབྱོར་བྱུང་བའི་གནས་བསྡུས་ནང་འཁོད་དོན། སྨན་རྩིས་ཁང་གི་སྨན་རམས་པ་པདྨ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༥༠ ཟླ་ ༧ ཚེས་ ༡ ཉིན་ལྷོ་བྲག་ཏུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར།
ཕྱི་ལོ་ ༡༩༦༡ ལོར་རྡོར་གླིང་གཏན་སློབ་ཏུ་འཛུལ་ཞུགས་གནང་སྟེ་ཕྱི་ལོ་ ༡༩༦༨ ལོར་གཞི་རིམ་སློབ་ཐོན་བྱུང་བ་དང་། ལོ་དེ་གར་བོད་ཀྱི་སྨན་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༧༥ ལོར་སྨན་པ་དཀའ་བཅུ་པ་ཐོན། ཕྱི་ལོ་ ༡༩༨༡ ལོར་ཨི་ཀྲ་ན་གར་ཡོད་པའི་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་གནང་། དེ་ནས་ཀ་ཏ་དང་། ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་བཞེས། ཕྱི་ལོ་ ༡༩༩༧ ལོར་སྨན་རམས་པ་འབྲིང་བའི་རྒྱུགས་འབུལ་ལག་འཁྱེར་སྩལ་སོན་བྱུང་། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༡༨ ཉིན་སྨན་རྩིས་ཁང་གི་དྲུང་ཆེའི་ལས་འགན་བཞེས། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡ ཉིན་སྐུ་བཅར་སྨན་པར་བསྐོ་གཞག་སྩལ།
ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༡༨ ཉིན་སྨན་རྩིས་རིག་གཞུང་མཁས་པའི་སློབ་སྟོན་ཚོགས་ཆུང་གི་སློབ་སྟོན་པར་བསྐོ་གཞག་སྩལ། ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༥ ཉིན་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་པ་དང་སྟབས་བསྟུན། སྐབས་དང་པོའི་ཚོགས་གཙོ་ལོ་གསུམ་རིང་གནང་། ད་དུང་སྨན་རྩིས་ཁང་གི་གལ་ཆེའི་ལས་སྣེ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་ལས་འགན་ཡང་བཞེས་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ཉིན་སྨན་རྩིས་ཁང་ནས་བགྲེས་ཡོལ་དུ་ཕེབས། ཟླ་ཤས་སྔོན་ནད་མནར་གྱི་རྐྱེན་པས་ལྡི་ལིར་སྨན་ཁང་དྲག་གྲས་ཤིག་ནང་སྨན་བཅོས་ཇི་དགེ་གནང་ཡང་དྲག་སྐྱེད་མ་བྱུང་བར་བརྟེན་སྐུ་ཚེ་མ་བརྟན་པར་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༨ ཉིན་འཇིག་རྟེན་ཕྱི་མའི་ལྔ་ལམ་དུ་གྱུར།
མདོར་ན་དམ་པ་གང་ཉིད་ཀྱིས་སྨན་རྩིས་ཁང་དུ་ལས་ཡུན་རིང་ཕྱི་ནང་རྒྱལ་ཁབ་མང་པོར་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་སྨན་བཅོས་དང་། གཏམ་བཤད་གྲངས་མེད་གནང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་ཏུ་གསོ་རིག་བསྟན་པ་དར་སྤེལ་གྱི་བྱས་རྗེས་རླབས་ཆེན་འཇོག་གནང་ཡོད་པ་དང་། གསོ་བ་རིག་པའི་དཔེ་དེབ་རྩོམ་སྒྲིག་དང་། གསོ་བ་རིག་པ་རྒྱུད་འཛིན་བྱེད་པའི་སྨན་སློབ་དུ་མ་ཞིག་ལ་མྱོང་ཁྲིད་གནང་ཡོད་པ་བཅས། བོད་ཀྱི་གསོ་བ་རིག་པའི་བསྟན་པ་གོང་འཕེལ་གྱི་ཕྱག་རྗེས་བླ་མེད་བཞག་གནང་ཡོད།།