༢༠༡༥ ཟླ་ ༧ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །འཛམ་གླིང་ཁྱོན་ཡོངས་ཀྱི་ནང་སྐྱེ་བོ་བཅུ་གཉིས་ཀྱི་ཁྲོད་ནས་སྐྱེ་བོ་གཅིག་གིས་མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་ཁུར་ཏེ་འཚོ་སྡོད་བྱེད་བཞིན་ཡོད་ལ། བོད་མི་མང་པོ་ཞིག་ལའང་སྲོག་ཉེན་ཅན་གྱི་ནད་གཞི་འདི་ལྡན་ཡོད་མོད། དེ་ལྟ་ནའང་སྐྱེ་བོ་མང་པོ་ཞིག་གིས་རང་ཉིད་ལ་ནད་གཞི་དེ་ཕོག་ཡོད་པའང་ཤེས་རྟོགས་མེད་ལ། དེ་བས་ཀྱང་འགངས་ཆེ་བ་ཞིག་ལ་སྐྱེ་བོ་མང་པོ་ཞིག་གིས་ནད་གཞི་དེའི་སྐོར་དང་དེའི་སྔོན་འགོག་གི་ཐབས་ལམ་ཐད་ལ་ད་དུའང་ཤེས་རྟོགས་ཅི་ཡང་མེད་པ་རེད།
༢༠༡༥ སྤྱི་ཟླ་ ༧ ཚེས་ ༢༨ ཉིན་འདི་ནི་གལ་ཆེའི་ཉིན་མོ་ཞིག་ཆགས་ཡོད། ཉིན་མོ་འདི་ནི་མཆིན་པའི་གཉན་ཚད་བི་ཡི་གཉན་སྲིན་ཐོག་མར་གསར་རྙེད་གནང་མཁན་དང་། ནོ་སྦེལ་གཟེངས་རྟགས་བཞེས་གནང་མཁན་སློབ་དཔོན་ཆེན་པོ་བཱ་རུ་བྷ་ལུམ་བྷར་མཆོག་གི་འཁྲུངས་སྐར་ལ་ཆེ་མཐོངས་དང་གུས་བརྩི་མཚོན་ཆེད་དུ་འཛམ་གླིང་ས་ཕྱོགས་ཁྱོན་ཡོངས་སུ་འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ང་ཚོས་འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བ་དང་ཆབས་གཅིག་ང་ཚོས་མངོན་ཆུང་ངང་གནས་པའི་ནད་ཡམས་དེ་ཕམ་ཉེས་གཏོང་རྒྱུར་རང་ཉིད་ཀྱི་ཆོད་སེམས་སྲ་བརྟན་གཏོང་དགོས་ཀྱི་ཡོད། དེས་ན་དེ་རིང་ནས་བཟུང་སྟེ་ ༢༠༡༥ ཟླ་ ༧ པའི་ཟླ་མཇུག་བར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཁག་དང་། འཕྲོན་བསྟེན་ཚན་པ། གཞུང་འབྲེལ་མིན་པའི་ཚོགས་པ། དགོན་སྡེ་དང་སློབ་གྲྭ་ཁག་བཅས་ནས་རྒྱ་གར་དང་བལ་ཡུལ་ཁུལ་དུ་ཡོད་པའི་བོད་མིའི་ཚོགས་སྡེ་འདྲ་མིན་ནང་གསར་གཏོད་རང་བཞིན་གྱི་གོ་རྟོགས་སློབ་གསོ་སྤེལ་བའི་བྱེད་སྒོ་གང་མང་གོ་སྒྲིག་ཞུ་རྒྱུར་འདི་ག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་འབོད་སྐུལ་ཞུ་བཞིན་ཡོད།
མཆིན་པའི་གཉན་ཚད་ནི་མཆིན་པའི་གཉན་ཚད་ཨེ། བི། སི། ཌི། ཨི་ཞེས་འབོད་པའི་སྡེ་ཁག་ཏུ་བྱས་པའི་འགོ་ནད་ཅན་གྱི་ནད་གཞི་ཞིག་ཡིན་པ་རེད། ནད་གཞི་དེས་དེ་མ་ཐག་ཏུ་འདས་རྐྱེན་དུ་འགྱུར་བའི་མཆིན་པའི་གནས་སྟངས་དང་གཅོང་ནད་ཅན་གྱི་མཆིན་པའི་གནས་སྟངས་གཉིས་ཀ་སློང་གི་ཡོད། ནད་གཞི་དེ་ནི་ལོ་རེར་སྐྱེ་བོ་ཁྱོན་ས་ཡ་ ༡.༤ ཙམ་ཞིག་གི་འདས་རྐྱེན་དུ་འགྱུར་ཡོད། དེ་ལྟ་ནའང་ད་བར་དམིགས་བསལ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་འཚོ་བའི་འཁོས་བབས་ཞན་པའི་ཚོགས་སྡེ་ཁག་ནང་མཆིན་པའི་གཉན་ཚད་ཐད་ལ་ཤེས་རྟོགས་མེད་པའམ། ཡང་ན་སྣང་མེད་རྒྱ་ཡན་ཤུགས་ཆེ་བཏང་ཡོད།
དེར་བརྟེན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འདི་ལོའི་བརྗོད་གཞི་ལ་”མཆིན་པའི་གཉན་ཚད་སྔོན་འགོག་བྱ་དགོས་ན། བྱ་སྤྱོད་ད་ལྟ་ནས་སྤེལ་དགོས།”ཞེས་པའི་འབོད་ཚིག་བཀོད་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བརྗོད་གསལ་ལྟར་ན་མཆིན་པའི་གཉན་ཚད་བི་ཡི་ནད་གཞིས་རྐྱེན་པས་ལོ་ལྟར་སྐྱེ་བོ་ ༧༨༠,༠༠༠ ལྷག་ཙམ་རྐྱེན་འདས་སུ་སོང་བཞིན་ཡོད་འདུག གཞུང་འབྲེལ་གྱི་བརྗོད་གཞི་དེས་སྦྱིན་བཞིན་པའི་ནང་དོན་གཙོ་བོ་ནི་མཆིན་པའི་གཉན་ཚད་སྔོན་འགོག་དང་འབྲེལ་ཆགས་གཤམ་གསལ་གྱི་གནས་དོན་གཙོ་བོ་བཞིའི་སྟེང་དུ་འདུས་ཡོད། དེ་དག་ནི་ཉེན་ཁ་ཇི་ཡོད་ཤེས་རྟོགས། ཉེན་སྲུང་ལྡན་པའི་སྨན་ཁབ་ཀྱི་དགོས་འདུན། ཕྲུ་གུར་སྔོན་འགོག་ཁབ་རྒྱབ་པ། བརྟག་དཔྱད་བྱས་ཏེ་བཅོས་ཐབས་བསྟེན་པ་བཅས་ཡིན་པ་རེད། འདི་ལོའི་བརྗོད་གཞི་དེའི་ནང་དང་པོ་ཉེན་སྲུང་མེད་པའི་ཁྲག་དང་། ཉེན་སྲུང་མེད་པའི་སྨན་ཁབ། སྨན་ཁབ་ཀྱི་ཡོ་བྱད་མཉམ་སྤྱོད་བྱེད་པ་བཅས་ཐེ་བའི་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་རྒྱུ་རྐྱེན་དུ་འགྱུར་སྲིད་པའི་ཉེན་ཚབས་རྣམས་ཤེས་རྟོགས་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དེ་རྣམས་གསལ་སྟོན་ཞུ་བཞིན་ཡོད་པ་རེད། གཉིས་པ་བརྗོད་གཞི་དེས་ཉེན་སྲུང་ལྡན་པའི་སྨན་ཁབ་བེད་སྤྱོད་བྱེད་པའི་གལ་ཆེའི་རང་བཞིན་ལ་ནན་བརྗོད་བྱེད་ཀྱི་ཡོད། ལོ་རེར་སྐྱེ་བོ་ས་ཡ་གཉིས་ཙམ་གྱིས་ཉེན་སྲུང་མེད་པའི་སྨན་ཁབ་བེད་སྤྱོད་བྱས་པ་ལས་མཆིན་པའི་གཉན་ཚད་ཀྱི་ནད་གཞི་འགོ་བཞིན་ཡོད། དེར་བརྟེན་ནད་སྲིན་བྲལ་བའི་ཐེངས་གཅིག་རེ་བཀོལ་སྤྱོད་བྱེད་པའི་སྨན་ཁབ་བེད་སྤྱོད་བྱེད་ཚེ་འགོ་ནད་དེ་རིགས་སྔོན་འགོག་བྱ་ཐུབ། གསུམ་པ་འདི་ལོའི་བརྗོད་གཞི་དེས་སྐྱེ་བོ་ཞིག་ཚེ་གང་རིང་མཆིན་པའི་གཉན་ཚད་བི་ཡི་ནད་གཞི་ལས་སྲུང་སྐྱོབ་ཐུབ་ཆེད་ཉེན་སྲུང་དང་ཕན་ནུས་ལྡན་པའི་སྔོན་འགོག་ཁབ་ཀྱི་དགོས་མཁོ་དང་གལ་ཆེའི་རང་བཞིན་ལ་དོ་ནན་བྱེད་བཞིན་ཡོད་པ་རེད། གལ་འགངས་ཆེ་ཤོས་ཤིག་ནི་བརྟག་དཔྱད་བྱས་ཏེ་ཕན་ནུས་ལྡན་པའི་བཅོས་ཐབས་བསྟེན་ཚེ་གཙོ་བོ་མཆིན་པའི་གཉན་ཚད་བི་དང་སི་ཡི་ནད་གཞི་བཅོས་རྒྱུར་ཕན་ཐོགས་ཐུབ།
མཆིན་པའི་གཉན་ཚད་ཀྱི་དོན་ནི་མཆིན་པར་གཉན་ཚད་རྒྱས་པ་ལ་གོ་ཞིང་། ད་དུང་མཆིན་པར་གནོད་སྐྱོན་གཏོང་བའི་གཉན་སྲིན་འཕེལ་བའི་གནས་སྟངས་ལའང་གོ་བ་རེད། མཆིན་པའི་གཉན་ཚད་ཀྱི་ཆེས་རྒྱུན་ལྡན་གྱི་རྣམ་པ་ནི་མཆིན་པའི་གཉན་ཚད་ཨེ་དང་། བི། སི་བཅས་ཡིན་པ་རེད། མཆིན་པའི་གཉན་ཚད་ནི་ད་དུང་མཆིན་པའི་འབྲས་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་ཡོད། མཆིན་པའི་གཉན་ཚད་ནི་མཆིན་པའི་གཉན་ཚད་ཀྱི་གཉན་སྲིན་ཞེས་འབོད་པའི་གཉན་སྲིན་གྱི་སྡེ་ཁག་ཅིག་ལས་འབྱུང་བཞིན་ཡོད། མཆིན་པའི་གཉན་ཚད་ཨེ་ནི་རྒྱུན་དུ་དེ་ཉིད་ཀྱི་གཉན་སྲིན་གྱི་འབག་བཙོག་ལྡན་པའི་བཟའ་བཏུང་གི་རིགས་སྤྱད་པ་ལས་ཁྱབ་གདལ་དུ་འགྲོ་བཞིན་ཡོད། ཡང་མཆིན་པའི་གཉན་ཚད་བི་ནི་འཁྲིག་སྤྱོད་བསྟེན་པ་ལས་འགོས་པའི་ནད་གཞི་ཞིག་ཀྱང་ཆགས་ཡོད་ཅིང། གཙོ་བོར་འགོ་ནད་ལྡན་པའི་མ་ནས་ཕྲུ་གུ་དང་། འགོ་ནད་ལྡན་པའི་ཁྲག་ལ་ཐད་ཀར་རེག་པ། ཁུ་བ་དང་ལུས་ཀྱི་རླན་གཤེར་གཞན་བཅས་ལ་བརྟེན་ཏེ་ཁྱབ་གདལ་དུ་འགྲོ་བཞིན་ཡོད། མཆིན་པའི་གཉན་ཚད་སི་ནི་རྒྱུན་དུ་གཙོ་བོར་འགོ་ནད་ལྡན་པའི་སྐྱེ་བོ་ཞིག་གི་ཁྲག་ལ་ཐད་ཀར་རེག་པ་བརྒྱུད་ཁྱབ་གདལ་དུ་འགྲོ་བཞིན་ཡོད།
མཆིན་པའི་གཉན་ཚད་ཀྱི་རྣམ་པ་ཚང་མས་འཕྲོད་བསྟེན་ལ་ཉེན་ཁ་ཚབས་ཆེན་པོ་བཟོ་བཞིན་ཡོད་མོད། འོན་ཀྱང་ཡོངས་ཁྱབ་རང་བཞིན་གྱི་གོ་རྟོགས་སྤེལ་ཚེ་ནད་གཞི་གསར་པ་ཐོན་རྒྱུར་སྔོན་འགོག་དང་ནད་གཞི་དེ་ལ་སྔར་ལས་ལྷག་པའི་བཅོས་ཐབས་ཕན་ནུས་ལྡན་པ་ཞིག་ཡོང་རྒྱུར་ཕན་ཐོགས་ཐུབ་ངེས་རེད། ཉེན་སྲུང་དང་ཕན་ནུས་ལྡན་པའི་སྔོན་འགོག་ཁབ་ཅིག་གིས་མཆིན་པའི་གཉན་ཚད་ཨེ་དང་བི་ཡི་ནད་གཞི་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད། ཡང་མཆིན་པའི་གཉན་ཚད་སི་ཡི་སྔོན་འགོག་ཁབ་མེད་ནའང་སྔོན་ཚུད་ནས་བརྟག་དཔྱད་དང་གསོ་བཅོས་བྱེད་ཚེ་མཆིན་པར་སྐྱོན་ཤོར་བ་དང་། མཆིན་པ་གཅོང་ནད་དུ་འགྱུར་བ། མཆིན་པའི་འབྲས་ནད་བཅས་སྔོན་འགོག་ཐུབ་སྟེ་སྲོག་ཉེན་ཆུང་དུ་འགྲོ་བ་དང་འགོ་ནད་དེ་བཅོས་རྒྱུའི་ནུས་པ་ཡང་ལྡན་སྲིད།
བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིའི་ཁྲོད་དུ་མཆིན་པའི་གཉན་ཚད་བི་ཡི་ནད་གཞི་དེ་ནི་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པར་འདི་ག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ངོས་འཛིན་ཞུ་བཞིན་ཡོད། མཆིན་པའི་གཉན་ཚད་བི་ཡི་ནད་ངོ་བརྟག་དཔྱད་དང་བཅོས་ཐབས་ལ་རིན་གོང་ཧ་ཅང་མཐོ་བས་ཚེ་སྲོག་ཤོར་བ་དང་། འཚོ་བའི་འཁོས་བབས་ཉམས་ཞན་དུ་གཏོང་བ། ནད་གཞི་ཕོག་པའི་སྐྱེ་བོ་སྒེར་དང་ཁོང་ཚོའི་ཁྱིམ་མི་རྣམས་ལ་དཔལ་འབྱོར་གྱི་དཀའ་ངལ་ཚབས་ཆེན་བཟོ་བ་བཅས་ཀྱི་རྒྱུ་རྐྱེན་བྱེད་བཞིན་ཡོད།
མཆིན་པའི་གཉན་ཚད་བི་ཡི་ཐོག་ཚད་དང་ལྡན་པའི་རྒྱུན་ལྡན་གྱི་གྲངས་ཐོ་ཞིག་མེད་པ་དེ་ནི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བོད་མིའི་སྤྱི་ཚོགས་ཁྲོད་མཆིན་པའི་གཉན་ཚད་བི་འགོག་སྡོམ་ཆེད་སྔར་ལས་གཞི་རྒྱ་ཆེ་བའི་འཆར་གཞི་ལྡན་པའི་འོས་འཚམས་ཀྱི་གོམ་སྟབས་གསར་པ་ཞིག་སྤོ་རྒྱུར་འགོག་རྐྱེན་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་ ༢༠༡༣ ལོར་འཕྲོད་བསྟེན་ལས་ཁུངས་ནས་ཇོན་ཧོབ་ཀིན་གཙུག་ལག་སློབ་ཆེན་དང་མཉམ་སྦྲེལ་གྱི་སྒོ་ནས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཤིག་གི་ནང་མི་གྲངས་ ༢༧༦༩ ཡི་ཁྲོད་དུ་མཆིན་པའི་གཉན་ཚད་བི་ཡི་ཐོག་ཡོངས་ཁྱབ་ཏུ་བཀོལ་བའི་ཞིབ་འཇུག་ཅིག་བྱས་ཡོད། ཞིབ་འཇུག་དེའི་རྙེད་དོན་ལ་གཞིགས་ན་མཆིན་པའི་གཉན་ཚད་བི་ཡི་ཁྱབ་ཚད་ནི་རྒྱ་གར་ནང་དུ་ཡོད་པའི་བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༨.༩ ཟིན་ཚུལ་གྱི་སྙན་ཐོ་བཀོད་ཡོད། མཆིན་པའི་གཉན་ཚད་བི་ཡི་ཁྱབ་ཚད་ནི་ལོ་ན་ ༣༠ ནས་ ༥༠ བར་དུ་མཐོ་ཤོས་ཆགས་ཡོད་ཅིང་། བུ་མོ་ལས་བུ་ཡི་ཁྲོད་དུ་ཅུང་མཐོ་བ་ཡོད་འདུག ཞིབ་འཇུག་དེས་ད་དུང་མཐའ་སྡོམ་རྒྱབ་པ་ལྟར་ན་མཆིན་པའི་གཉན་ཚད་བི་ཡི་ཁྱབ་ཚད་ནི་སྔོན་ཚུད་ནས་སྔོན་འགོག་ཁབ་རྒྱབ་ཟིན་པ་དང་། ཡང་ཁྱིམ་མིའི་ཁྲོད་དུ་ད་ལྟའི་ཆར་འགོ་ནད་དེ་རིགས་ཕོག་མེད་པ་དག་གི་ཁྲོད་དུ་དམའ་བ་ཡིན་འདུག
མཆིན་པའི་གཉན་ཚད་བི་ཡི་དཀའ་ངལ་ཆུང་དུ་གཏོང་ཆེད་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མཆིན་པའི་གཉན་ཚད་བི་འགོག་པའི་གོམ་སྟབས་གསར་པ་རྣམས་འཆར་འགོད་དང་རྩ་འཛུགས་ཀྱི་ལས་དོན་ནང་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད། མ་དང་ཕྲུ་གུའི་ལས་འཆར་ནང་ལོ་ན་ལྔ་མན་གྱི་ཕྲུ་གུ་ཡོངས་ལ་མཆིན་པའི་གཉན་ཚད་བི་ཡི་སྔོན་འགོག་ཁབ་དང་། འགོ་ནད་དེ་ལྡན་པའི་མ་ལ་གསར་དུ་བཙས་པའི་ཕྲུ་གུ་ལ་མཆིན་པའི་གཉན་ཚད་བི་ཡི་ནད་འགོག་སྨན་ཁབ་ (immunoglobin) རིན་མེད་ཐོག་མཁོ་སྤྲོད་བྱེད་བཞིན་ཡོད། དེ་ལྟ་ནའང་ལོ་ན་ཆུང་ཆུང་གི་སྐབས་ནས་མཆིན་པའི་གཉན་ཚད་བི་ཡི་འགོ་ནད་ཕོག་ཡོད་པའི་སྐྱེ་བོའི་ཁྲོད་དུ་གཅོང་ནད་ཅན་གྱི་མཆིན་པའི་གཉན་ཚད་བི་དང་མཆིན་འབྲས་ཡོང་ཉེན་ཆེ་བ་ཡོད་པས། དེ་སྔོན་སྔོན་འགོག་ཁབ་རྒྱབ་མྱོང་མེད་སྲིད་པའི་ལོ་ན་ལྔ་ཡན་གྱི་ཕྲུ་གུ་རྣམས་ལའང་ནད་གཞི་བརྟག་དཔྱད་དང་སྔོན་འགོག་ཁབ་མཁོ་སྤྲོད་བྱ་རྒྱུ་ནི་གལ་ཆེན་ཆགས་ཡོད། དེར་བརྟེན་ SARD བརྒྱུད་དེ་ Leis Amis ཡི་གཏོང་ཕོད་ཆེ་བའི་དངུལ་གྱི་རོགས་སྐྱོར་ལ་བརྟེན་ནས་བོད་མིའི་སློབ་ཕྲུག་ཚོའི་ཁྲོད་དུ་ལོ་ན་དྲུག་དང་དྲུག་ཡན་གྱི་སློབ་ཕྲུག་ཁྱོན་ ༢༠༠༠ ལ་ནད་གཞི་བརྟག་དཔྱད་དང་། སྔོན་འགོག་ཁབ། སྨན་བཅོས་བཅས་བྱ་རྒྱུའི་ “མཆིན་པའི་གཉན་ཚད་བི་སྔོན་འགོག་གི་ལས་འཆར་” ཞེས་པ་ཞིག་ལག་བསྟར་བྱེད་བཞིན་ཡོད། ལས་འཆར་འདི་ནི་ཐོག་མར་ ༢༠༡༤ ཟླ་ ༨ ནང་རྒྱ་གར་ནང་དུ་ཡོད་པའི་བོད་མིའི་སློབ་གྲྭ་ཁག་ ༡༡ སྟེ་ཅོན་ཏ་ར་སམ་བྷོ་ཊའི་གཏན་སློབ་དང་། སྤོན་ཊ་སམ་བྷོ་ཊའི་གཏན་སློབ། བདེ་སྐྱིད་གླིང་སམ་བྷོ་ཊའི་སློབ་གྲྭ། དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་ལ་དམིགས་པའི་མངོན་དགའ་སློབ་གྲྭ། ཀ་ལིམ་པོང་གཏན་སློབ། རྡོ་རྗེ་གླིང་གཏན་སློབ། མོན་གྷོ་གཏན་སློབ། ཌལ་ཧོར་སི་གཏན་སློབ། མ་སུ་རི་གཏན་སློབ། ཤིམ་ལཱ་དབུས་གཏན་སློབ། པུ་རུ་ཝ་ལཱ་སམ་བྷོ་ཊའི་སློབ་གྲྭ་བཅས་ཀྱི་འགོ་འཛུགས་བྱས་ཡོད། ད་ལྟའི་ཆར་ཕྲུ་གུ་ཁྱོན་ ༢༥༢༦ ཙམ་ཞིག་ལ་མཆིན་པའི་གཉན་ཚད་བི་ཡི་བརྟག་དཔྱད་བྱས་ཡོད་ལ། སློབ་ཕྲུག་ཁྱོན་ ༡༨༡༧ ཙམ་ཞིག་ལ་མཆིན་པའི་གཉན་ཚད་བི་སྔོན་འགོག་ཁབ་ཀྱི་སྨན་ཐུན་གསུམ་པ་དེ་རྒྱབ་མུས་ཡིན་ཞིང་། སྔོན་འགོག་ཁབ་ཀྱི་སྨན་ཐུན་དང་པོ་དང་གཉིས་པ་གཉིས་ནི་སྔོན་ཚུད་ནས་རྒྱབ་ཟིན་ཡོད། མཆིན་པའི་གཉན་ཚད་བི་ཡི་སྨན་དཔྱད་ལག་བསྟར་ཟབ་སྦྱོང་ (Clinical Management of Hepatitis B training) ཞེས་པའི་འགོ་བརྗོད་འཁོད་པའི་ཟབ་སྦྱོང་རིམ་པ་དང་པོ་ཞིག་ ༢༠༡༥ ཟླ་ ༣ ཚེས་ ༡༤ ཉིན་འཚོགས་ཡོད་ཅིང་། ཟབ་སྦྱོང་དེའི་ནང་འཕྲོད་བསྟེན་མི་སྣ་ ༤༥ ཙམ་ཞིག་གིས་མཉམ་ཞུགས་བྱས་ཡོད། PGI སྨན་ཁང་དང་བདེ་ལེགས་སྨན་ཁང་། ཊན་ཌཱ་སྨན་ཁང་བཅས་ཀྱི་སློབ་སྟོན་མི་སྣ་ཁག་གིས་ཟབ་སྦྱོང་འདིར་ལས་དོན་མཉམ་སྤེལ་དང་། བོད་ཀྱི་ངལ་སེལ་ཐེབས་རྩས་གཏོང་ཕོད་ཆེན་པོས་མ་དངུལ་གྱི་རོགས་སྐྱོར་གནང་ཡོད།
༢༠༡༥ ལོའི་འགོ་སྟོད་དུ་ཨ་རིའི་ PRM ཚོགས་པའི་དངུལ་གྱི་མཐུན་འགྱུར་གྱི་རོགས་སྐྱོར་འོག་ང་ཚོས་རྒྱ་གར་ནང་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ ༡༡ སྟེ་ས་ཊོན། ཀུམ་རའོ། བདེ་སྐྱིད་གླིང་། ཧ་སྤུར། སྤོན་ཊ། སྦིར། ལ་དྭགས། ཀུ་ལུ། མེའོ། ཏི་ཛུ། རཱ་ཝང་ལ། སྦན་ད་ར། ཨོ་རི་ས། མན་སྤར་བཅས་སུ་གནས་སྡོད་མཆིན་པའི་གཉན་ཚད་བི་ཡི་ནད་གཞིས་ཟིན་པའི་མི་གྲངས་ ༡༧༥ ལ་རིན་མེད་ཐོག་གཉན་སྲིན་འཇལ་བའི་བརྟག་དཔྱད་ (viral load testing) མཁོ་སྤྲོད་ཞུས་ཡོད།
དེ་ཙམ་དུ་མ་ཟད་ ༢༠༡༤ ལོའི་སྤྱི་ཟླ་ ༥ ནང་ང་ཚོས་གཙོ་བོར་རོ་ཆེ་སེ་ཊར་ (Rochester) གཙུག་ལག་སློབ་ཆེན་དང་དེ་དང་ལྷན་དུ་ཧཱ་ཝེའི་ (Hawaii) གཙུག་ལག་སློབ་ཆེན་དང་མཉམ་འབྲེལ་གྱི་སྒོ་ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སླེ་དང་བྱང་ཐང་ས་ཁུལ་དུ་མཆིན་པའི་གཉན་ཚད་བིའི་ནད་གཞིའི་དགོས་ངེས་གནས་སྟངས་རྒྱུས་ལོན་འདྲི་རྩད་ཀྱི་ལམ་ནས་རྟོག་ཞིབ་བྱ་རྒྱུའི་ལས་འཆར་ཞིག་ལག་བསྟར་ཞུས་པ་ཡིན། རྟོག་ཞིབ་དེ་ནི་ལ་དྭགས་སུ་གནས་པའི་ས་གནས་བོད་མི་མང་ཚོགས་ཀྱི་ཁྲོད་དུ་མཆིན་པའི་གཉན་ཚད་བིའི་ཐོག་ལ་འཛིན་པའི་ལྟ་སྟངས་དང་གོ་རྟོགས་ཀྱི་ཆུ་ཚད་ཇི་ཙམ་ཡོད་མེད་ཤེས་རྟོགས་བྱ་རྒྱུར་དམིགས་པ་ཞིག་ཡིན། ལས་འཆར་འདི་ནི་ལམ་ལྷོངས་ལྡན་པའི་ངང་མཇུག་སྒྲིལ་ཐུབ་པ་བྱུང་ཡོད་ཅིང་དེའི་རྙེད་དོན་རྣམས་གང་མགྱོགས་ཕྱིར་བསྒྲགས་བྱ་རྒྱུ་ཡིན། རྙེད་དོན་དེ་རྣམས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་མཆིན་པའི་གཉན་ཚད་བི་དང་འབྲེལ་བའི་ཆ་ནས་འཕྲད་བཞིན་པའི་དཀའ་ངལ་རྣམས་ཀྱི་ཐོག་ལ་དགོས་ངེས་ཀྱི་གོ་རྟོགས་སྤྲོད་རྒྱུ་དང་། དེ་ལ་བརྟེན་ཏེ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་འབྱུང་འགྱུར་མཆིན་པའི་གཉན་ཚད་བི་འགོག་སྡོམ་གྱི་ལས་འཆར་རྣམས་ལ་དངོས་ཡོད་དཔང་རྟགས་ལ་གཞི་བཅོལ་བའི་འཆར་གཞི་གདིང་རྒྱུར་ཕན་གྲོགས་དང་། དམིགས་བསལ་དུ་དགོས་ངེས་ཅན་གྱི་མང་ཚོགས་ཀྱི་ཁྲོད་དུ་བརྟག་དཔྱད་དང་བཅོས་ཐབས་ཀྱི་རོགས་སྐྱོར་མཁོ་སྤྲོད་ཐུབ་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད།
གོང་སྨོས་ཀྱི་འབད་བརྩོན་དེ་དག་གི་སྟེང་དུ་ང་ཚོའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་བི་འགོག་བྱེད་ཀྱི་ཐབས་ལམ་གལ་འགངས་ཆེ་ཤོས་ནི་མཆིན་པའི་གཉན་ཚད་བི་ཡི་ཐོག་ལ་གོ་རྟོགས་བཟང་དུ་བཏང་སྟེ་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུ་དེ་ཡིན་པ་རེད། དེ་ཡང་འདས་ལོའི་འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོ་ནས་བཟུང་སྟེ་ང་ཚོས་སློབ་གསོ་སྤེལ་བའི་གློག་བརྙན་དང་གསལ་བསྒྲགས་སྦྱར་ཡིག་གི་ཐབས་ལམ་བརྒྱུད་དེ་”མཆིན་པའི་གཉན་ཚད་བི་ཡི་སྔོན་འགོག་ཁབ་གསུམ་ཀ་རྒྱོབས་དགོས།”ཞེས་པའི་འགོ་བརྗོད་ཀྱི་འོག་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དེས། ནད་གཞི་དེ་སྔོན་འགོག་ཆེད་མཆིན་པའི་གཉན་ཚད་བི་ཡི་སྔོན་འགོག་ཁབ་ཀྱི་སྨན་ཐུན་གསུམ་ཀ་ཐོབ་པར་བྱ་རྒྱུར་མང་ཚོགས་ཁྲོད་རྒྱུད་སྐུལ་ཞུ་བའི་ནང་མངོན་གསལ་ཅན་གྱི་ཕན་ཡོན་ལྡན་པའི་མཐོང་སྣང་བྱུང་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཨིན་བོད་སྐད་ཡིག་གཉིས་ཀའི་ནང་འཕྲོད་བསྟེན་སློབ་གསོའི་ངོ་སྤྲོད་དེབ་ཆུང་དཔར་སྐྲུན་དང་། ས་གནས་འཕྲོད་བསྟེན་ལས་བྱེད་བརྒྱུད་དེ་འཕྲོད་བསྟེན་སློབ་གསོའི་ཚོགས་འདུ་འདུ་སྐོང་། ཕྱོགས་སྐྱོད་འཕྲོད་བསྟེན་སློབ་གསོ་ཁྱབ་སྤེལ་བཅས་ཀྱི་ལམ་ནས་མཆིན་པའི་གཉན་ཚད་བི་ཡི་གོ་རྟོགས་རྒྱ་ཆེར་སྤེལ་རྒྱུའི་ཕྱོགས་སུ་ལས་དོན་སྤེལ་དང་སྤེལ་མུས་ཡིན། དེར་བརྟེན་ངོས་ནས་མང་ཚོགས་ཡོངས་ལ་རེ་སྐུལ་ཞུ་རྒྱུ་ནི།
• རང་ཉིད་གནས་ཡུལ་གྱི་འཕྲོད་བསྟེན་ལྟེ་གནས་ཁང་ནས་མཆིན་པའི་གཉན་ཚད་བི་ཡི་བརྟག་དཔྱད་ཞུ་དགོས་ཤིང་། གལ་ཏེ་བཅོས་ཐབས་བསྟེན་དགོས་ཚེ་སྨན་བཅོས་ཀྱི་ལམ་སྟོན་ཡང་ཞུ་དགོས།
• རང་ཉིད་གནས་ཡུལ་གྱི་འཕྲོད་བསྟེན་ལྟེ་གནས་ཁང་ནས་མཆིན་པའི་གཉན་ཚད་བི་ཡི་སྨན་ཐུན་གསུམ་ཀ་ཐོབ་པར་བྱ་དགོས། འདི་ནི་མཆིན་པའི་གཉན་ཚད་བི་དང་མཆིན་འབྲས་སྔོན་འགོག་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ཡིན།
• རྒྱུན་དུ་རང་ཉིད་ཀྱི་བཟའ་ཟླ་དང་ལྷན་དུ་ཉེན་སྲུང་ལྡན་པའི་འཁྲིག་སྤྱོད་བསྟེན་པ་དང་། སོ་འཁྲུ་དང་ཁབ་སོགས་མཉམ་སྤྱོད་བྱེད་མི་ཉན་པ་ལྟ་བུར་ཡིད་གཟབ་བྱ་དགོས།
• གལ་སྲིད་ཁྱེད་རང་མཆིན་པའི་གཉན་ཚད་བི་ཡི་ནད་གཞི་ལྡན་པའི་སྦྲུམ་མ་ཞིག་ཡིན་ཚེ། རང་ཉིད་ཀྱི་གསར་དུ་བཙས་པའི་ཕྲུ་གུར་མཆིན་པའི་གཉན་ཚད་བི་མི་འགོ་བའི་སྔོན་འགོག་བྱ་ཆེད་ཕྲུ་གུ་བཙས་རྗེས་སུ་ངེས་པར་དུ་མཆིན་པའི་གཉན་ཚད་བི་ཡི་ (Immunoglobulin) སྨན་ཁབ་ཐོབ་པ་བྱ་དགོས།
• གལ་སྲིད་ཁྱེད་ཀྱི་ནང་མི་གང་རུང་ཞིག་ལ་མཆིན་པའི་གཉན་ཚད་བི་ཡི་ནད་གཞི་ཡོད་ཚེ། ནང་མི་གཞན་རྣམས་ལ་བརྟག་དཔྱད་དང་སྔོན་འགོག་ཁབ་ཚུལ་བཞིན་ཐོབ་པར་བྱ་རྒྱུ་ནི་གལ་འགངས་ཆེ།
• སྤྱི་སྒེར་གང་རུང་གི་ཆ་ནས་མཆིན་པའི་གཉན་ཚད་བི་ཡི་ནད་གཞི་ལྡན་པའི་སྐྱེ་བོ་རྣམས་ལ་དབྱེ་འབྱེད་ཀྱི་རྣམ་འགྱུར་མི་འཛིན་རྒྱུར་ཚོགས་སྡེ་དང་མི་ཚོགས་ཀུན་ལ་སྐུལ་ལྕག་གཏོང་དགོས།
• མཐའ་མར་རང་ཉིད་དང་རང་ཉིད་ཀྱི་ཁྱིམ་མི། དེ་བས་ཀྱང་གལ་ཆེ་བ་ནི་རང་ཉིད་ཀྱི་ཕྲུ་གུར་སྔོན་འགོག་ཁབ་ཐོབ་པར་བྱས་ཏེ་མཆིན་པའི་གཉན་ཚད་བི་ལས་སྲུང་སྐྱོབ་བྱ་དགོས། ཡང་གལ་སྲིད་རང་ཉིད་འགོ་ནད་དེས་ཟིན་པ་ཞིག་ཡིན་ཚེ་ཕན་ནུས་ལྡན་པའི་སློབ་སྟོན་ཞུས་ཏེ་བཅོས་ཐབས་བསྟེན་དགོས།
དེར་བརྟེན་ངོས་ནས་བོད་མི་ཡོངས་ལ་འབོད་སྐུལ་ཞུ་རྒྱུར་ནད་གཞི་དེ་དང་ནད་གཞི་དེའི་སྔོན་འགོག་གི་ཐབས་ལམ་རྣམས་ལ་ཤེས་རྟོགས་མང་ཙམ་བྱེད་རྒྱུར་དམ་བཅའ་བཟུང་དགོས། འདི་ག་འཕྲོད་བསྟེན་ལས་ཁུངས་དང་རྒྱ་ཆེའི་མང་ཚོགས། དགོན་སྡེ་དང་སློབ་གྲྭ་ཁག་བཅས་ཀྱི་ཐུན་མོང་གི་རྩོལ་བ་ལ་བརྟེན་ཚེ་ང་ཚོས་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་ནས་ཉེན་ཚབས་ཅན་གྱི་མཆིན་པའི་གཉན་ཚད་བི་འདི་ཕྱོགས་ཡོངས་ནས་རྩ་མེད་གཏོང་བའི་གཞི་རྒྱ་ཆེ་བའི་དམིགས་ཡུལ་ལྡན་པའི་གོ་རྟོགས་དང་སྔོན་འགོག་ཐབས་ལམ་སྲ་བརྟན་དང་ཁྱབ་སྤེལ་ཐུབ་ངེས་ཡིན་པར་ངོས་ལ་ཡིད་ཆེས་བརྟན་པོ་ཡོད།
ངོས་ནས་དེ་རིང་གི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་འདིར་མཆིན་པའི་གཉན་ཚད་བི་བྲལ་བའི་བོད་མིའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ལམ་ལྷོངས་ཡོང་ཆེད་ཁྱེད་རྣམ་པའི་ཡང་དག་པའི་སྐུལ་སློང་དང་རྒྱབ་སྐྱོར་ལ་རེ་སྐུལ་ཞུ་བཞིན་ཡོད། ངོས་ནས་འདི་ག་འཕྲོད་བསྟེན་ལས་ཁུངས་ལ་རྒྱབ་སྐྱོར་དང་དགའ་མོས་ཞུ་མཁན་ཡོངས་ལ་ཁྱེད་རྣམ་པས་ད་བར་བོད་མིའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་བི་ཡི་སྔོན་འགོག་གི་ལས་འཆར་རྣམས་ལ་དཔལ་འབྱོར་གྱི་སྒོ་ནས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་ལ། སླད་མར་ཡང་ཁྱེད་རྣམས་ཀྱི་རྒྱབ་སྐྱོར་དང་མཉམ་འབྲེལ་གྱི་བྱ་གཞག་རྣམས་རྒྱུན་གནས་ཐུབ་རྒྱུར་ང་ཚོས་རེ་སྨོན་ཞུ་བཞིན་ཡོད།
ངོས་ནས་བོད་མི་ཡོངས་ལ་རེ་སྐུལ་ཞུ་རྒྱུར་མཆིན་པའི་གཉན་ཚད་ལ་གོ་རྟོགས་སྤེལ་བའི་བྱེད་སྒོ་ཁག་གི་ནང་རང་ནུས་གང་ཡོད་ཀྱི་མཉམ་ཞུགས་དང་། སྤྱི་སྒེར་གི་རིམ་པ་གཉིས་ཀའི་ཐོག་ནས་མཆིན་པའི་གཉན་ཚད་སྤྱི་དང་སྒོས་སུ་མཆིན་པའི་གཉན་ཚད་བི་ཡི་ཁྱབ་གདལ་སྔོན་འགོག་བྱེད་པའི་ནང་འགན་འཁྲི་ལྡན་པའི་གོམ་སྟབས་སྤོ་གནང་ཡོང་བ་ཞུ་རྒྱུ་བཅས།
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༨ ལ།།