ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་འདུ་འཛོམས་ཆེན་པོ་འདིའི་ཐོག་བཀའ་ཤག་ནས་ཚིག་འགའ་ཤས་ཞུ་རྒྱུ་ཡིན། དེ་རིང་ང་ཚོས་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་འདི་ནི་ཆེས་ཤིན་ཏུ་ཡིད་སྐྱོ་བའི་གནས་ཚུལ་གཉིས་ཀྱི་ཐོག་ནས་ཡིན། དང་པོ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་སྐུ་གཤེགས་པ་དང་། གཉིས་པ་ཕ་ཡུལ་ནང་ཆེན་ནས་ཡིན་པའི་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། རྒྱལ་གཅེས་པ་ཁོང་གཉིས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེ་དང་མྱ་ངན་རྗེས་དྲན་ཞུ་ཆེད་བཀའ་ཤག་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ནས་མཆོད་འབུལ་སྨོན་ལམ་འདི་གོ་སྒྲིག་ཞུས་པ་ཞིག་རེད།
ཞིང་བཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་སྙིང་སྟོབས་དང་བོད་མི་རིགས་ལ་བཀའ་དྲིན་ཆེ་བས་དམ་པ་ཁོང་ང་ཚོའི་སེམས་ནང་བརྗེད་ཐབས་མེད་པའི་སྐྱེས་བུ་ཞིག་ཆགས་ཡོད། ང་ཚོས་དམ་པ་ཁོང་གི་བཀའ་དྲིན་དུས་རྟག་ཏུ་དྲན་དགོས་པ་ཞིག་རེད། ཞིང་བཤེགས་དམ་པ་ཁོང་ལྟ་བུར་མཚོན་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡིན་ཞིང་། བོད་མི་རིགས་ཀྱི་དོན་དུ་རང་གི་ཡོད་ཚད་བློས་གཏོང་གནང་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཆགས་ཡོད། དེར་བརྟེན་ཁོང་གི་མཛད་རྗེས་དེ་ང་ཚོས་དྲན་གསོ་ཞུ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་སྨྲོས་མེད་ཡིན། ཁ་སྔོན་ཡིད་སྐྱོ་བའི་གནས་ཚུལ་འདི་བྱུང་མ་ཐག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲ་ལམ་ཁག་གི་ནང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེ་འདིར་ངས་སྒྲོགས་སྦྱང་ཞུ་རྒྱུ་ཡིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་།
རིན་པོ་ཆེ་མཆོག་ལ་སྙུན་གཞི་ཚབས་ཆེ་ཕོགས་ཡོད་སྟབས་ཁོང་གི་སློབ་མ་རྣམས་ཀྱིས་སྨན་བཅོས་མཐུན་འགྱུར་ཆེད་ཁོང་གློད་བཀྲོལ་གནང་དགོས་པའི་རེ་འདུན་བཏོན་པ་ང་ཚོས་ཤེས་ཀྱི་ཡོད། རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་སྨན་བཅོས་མཐུན་འགྱུར་ཡང་མ་སྤྲད་པ་མ་ཟད། སློབ་མ་རྣམས་ཀྱིས་ཁོང་བཙོན་ཁང་དུ་ཐེངས་གཅིག་མཇལ་རྒྱུའི་རེ་འདུན་བཏོན་པར་ཆོག་མཆན་མ་སྤྲད་པའི་བྱ་སྤྱོད་དེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཇི་ཙམ་ལག་བསྟར་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་མཚོན་ཐུབ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་འདི་ལྟར་འཛིན་པ་དེས་བོད་མི་ཚོའི་སེམས་ནང་འཁོན་འཛིན་ཆེ་རུ་གཏོང་རྒྱུ་ཡིན། ཞེས་གསུངས་གནང་ཡོད། དེ་བཞིན་ཡིད་སྐྱོའི་གནས་ཚུལ་དེའི་ཐོག་འཛམ་གླིང་ཡོངས་རྫོགས་ནས་དོ་སྣང་ཆེན་པོས་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་བཞིན་ཡོད་པ་ནི། ཁ་སང་ཁ་ཉིན་ཨ་རིའི་ནང་ཊོམ་ལེན་ཊོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བོད་ཀྱི་གནད་དོན་ཐོག་ཉན་ཞིབ་གནང་ཡོད།
དེ་བཞིན་ཨ་རིས་གཙོས་གྲོས་ཚོགས་འཐུས་མི་མང་པོས་རྒྱ་ནག་གཞུང་གིས་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས། རིན་པོ་ཆེ་མཆོག་ལ་མྱ་ངན་གུས་འདུད་གནང་ཡོད། ལྷག་པར་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་ཨ་རི་གཞུང་གིས་དེ་སྔ་སྐྱོན་བརྗོད་གནང་ཡོད་ཀྱང་། སྐྱོན་བརྗོད་དེས་རྒྱ་ནག་གཞུང་ལ་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མེད་སྟབས། ཨ་རི་གཞུང་གིས་རྒྱ་ནག་ཐོག་སྲིད་བྱུས་ལངས་ཕྱོགས་དེ་སྔ་ལས་མཁྲེགས་སུ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་ཡོད། དེ་བཞིན་གནད་ཡོད་མི་སྣ་ཆེ་ཁག་ནས་ཡིད་སྐྱོ་བའི་གནས་ཚུལ་དེར་བློ་ཕམ་དང་། སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་། ས་གནས་ཡུལ་མི་རྣམས་ཀྱི་ཤེས་ཡོན་གོང་སྤེལ། འཕྲོད་བསྟེན། ལྷག་པར་བོད་མི་འབྲོག་པ་རྣམས་ཀྱི་བདེ་དོན་ཆེད་ངལ་བ་ཁྱད་གསད་ཀྱིས་འབད་འབུངས་གནང་བར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཡི་རང་བསྔགས་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད།
གང་ལྟར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་སྐུའི་ཡང་སྲིད་རིན་པོ་ཆེ་མགྱོགས་མྱུར་གངས་ཅན་ལྗོངས་སུ་འཁྲུངས་པའི་སྨོན་ལམ་དང་། དམ་པ་ཁོང་གི་བཀའ་དྲིན་ཡིད་ལ་བཅངས་པའི་ཐོག་ཐུགས་སྨོན་སྐྱབས་འཇུག་ཤུགས་ཆེ་གནང་རོགས་ཞུ་རྒྱུ་དང་། གནད་དོན་གཉིས་པར་སྡེ་དགེ་རྫོང་སར་དགོན་གྱི་བཙུན་པ་བསོད་ནམས་སྟོབས་རྒྱས་ལགས་དགུང་ལོ་ ༢༦ ཡིན་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་ཁམས་ཡུ་ཤུལ་སྐྱེ་རྒུ་མདོའི་དགེ་སར་ཐང་ཆེན་དུ་རང་ལུས་མེར་སྲེག་བཏང་གནང་སྟེ། ཕྱིས་སུ་དམ་པ་ཁོང་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༦ ཐོག་འདས་གྲོངས་སུ་ཕྱིན་ཡོད། ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༤༡ ནས་བོད་བསྟན་སྲིད་དང་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པའི་ཁྲོད་ནས་བོད་མི་གྲངས་ ༡༢༡ འདས་གྲོངས་སུ་གྱུར་ཡོད། དེ་རིང་འདུས་པ་རྒྱ་མཚོ་འདིའི་ཐོག་ནས་ཚང་མས་རྒྱལ་གཅེས་པ་ཁོང་རྣམས་ཀྱི་ཆེད་དུ་ཐུགས་སྨོན་རྒྱ་ཆེ་གནང་རོགས་ཞུ་རྒྱུ་ཡིན། །