ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༣ ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ། རི་བོ་དགེ་ལྡན་པ་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་གོ་སྒྲིག་འོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐེངས་དང་པོ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། མཁན་ཟུར་ ༤༧ དང་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག ༩༧ གྱི་མཁན་པོ་དང་གྲྭ་བཙུན་ ༣༠༠ ཙམ་ལྷན་འཛོམས་ཀྱི་ཐོག་མར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་གཙོས་སྲིད་སྐྱོང་མཆོག་བཅས་ཀྱིས་པཎ་ཆེན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་དར་སྒྲོན་འབུལ་ཞུས་རྗེས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞི་ནས་ཤིས་བརྗོད་གསུང་འདོན་གནང་བ་དང་བསྟུན་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། ཉེ་ལམ་འཛམ་གླིང་སྤྱི་ཡོངས་ནང་དུ་ནང་ཆོས་དང་། ལྷག་པར་སྒོམ་རྒྱག་སྟངས་གཙོས། ཚན་རིག་མཁས་པ་དང་བགྲོ་གླེང་བྱ་རྒྱུ་དེ་དར་གསོ་ཆེན་པོ་ཆགས་བཞིན་འདུག ངས་ཉེ་ལམ་གསར་འགྱུར་ཞིག་མཐོང་བྱུང་བའི་ནང་འཛམ་གླིང་སྤྱི་ཡོངས་སུ་ནང་ཆོས་བྱེད་མཁན་ག་ཚོད་ཡོད་རེད་བརྗོད་སྐབས། ཕ་རན་སི་ནང་ཕལ་ཆེར་ནང་ཆོས་བྱེད་མཁན་མང་ཤོས་གསུམ་པའམ་བཞི་པ་ཡིན་པ་ཡོད།
ལུང་པ་རེ་རེའི་ནང་ལ་ནང་ཆོས་བྱེད་མཁན་ག་ཚོད་ཡོད་མེད་ཨང་གྲངས་གཞི་བཞག་གསུམ་པ་བཞི་པ་ཟེར་ནས་བཏོན་ཡོད་པ་མ་ཟད་མང་པོ་ཞིག་ནང་དར་ཁྱབ་བྱུང་ཡོད་སྟབས། དེ་དང་མཉམ་དུ་དེང་སྐབས་ནང་པར་ཉེན་ཁ་ཞིག་གང་འདུག་ཅེ་ན། ནང་ཆོས་ལ་མཚན་སྨད་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཞིག་ཀྱང་མཐོང་གི་འདུག དེ་ནི་ཉེ་ལམ་འབར་མའི་ནང་ལ་ནང་པས་ཁ་ཆེའི་ཆོས་ལུགས་ལ་དབྱེ་འབྱེད་ཐུབ་ཚོད་ཧ་ཅང་བཏང་གི་འདུག་ཟེར་ཏེ། འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཚགས་ཤོག་ཁག་གི་མདུན་ཤོག་མང་པོ་ཞིག་ཏུ་ནང་པ་འཇིགས་སྐུལ་རིང་ལུགས་པ་ཟེར་བ་དང་། དགེ་འདུན་པ་ཞིག་གིས་མེ་མདའ་ (Pistol) འཁྱེར་ཡོད་པ་དེ་འདྲ་བཏོན་འདུག དེ་བཞིན་སིང་གྷ་ལཱ་ལྟ་བུ་ཡིན་ཡང་མཁྲེགས་བཟུང་ཅན་གྱི་ནང་པ་ཚོས་ཏ་མིལ་མི་རིགས་ལ་ཐུབ་ཚོད་དང་དབྱེ་འབྱེད་གཏོང་གི་ཡོད་པ་བཏོན་འདུག དེར་བརྟེན་ནང་ཆོས་ལ་མཚན་སྨད་འགྲོ་རྒྱུའི་ཉེན་ཁ་ཞིག་ཆགས་ཀྱི་འདུག ང་ཚོས་དེ་ཚོའི་ཐོག་ལ་ཚང་མས་ཐུགས་སྣང་གནང་དགོས་པ་ཞིག་དང་། བོད་བརྒྱུད་ནང་བསྟན་འདི་གཞན་དང་མ་འདྲ་བ་ཞིག་ཡིན་པ་ད་ལྟ་བར་གནས་ཡོད་པ་འདི་མུ་མཐུད་དར་སྤེལ་དང་། སྤུས་ཚད་ཡག་ཏུ་གཏོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད།
ཨ་རིའི་ནང་ལ་ནང་ཆོས་དར་སྤེལ་འགྲོ་བཞིན་པར་ཆེ་མཐོང་གིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ལ་ནང་ཆོས་བགྲོ་གླེང་ཚོགས་པ་དང་། རྒྱ་གར་ནང་སྟོན་པའི་འཁྲུངས་སྐར་ལ་རྒྱ་གར་སྲིད་བློན་མུ་དྷི་མཆོག་མཉམ་ཞུགས་གནང་ཡོད། ད་བར་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་ཡོད། ང་ཚོའི་རྩ་ཆེ་བའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་མུ་མཐུད་ནས་བསླབ་པ་སློབ་གཉེར་སྤུས་དག་ཏུ་དང་། གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཞོན་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། དེ་རིང་ཉིན་རྒྱབ་ཚོགས་བཅར་བ་རྣམས་སྡེ་ཚན་དྲུག་ལ་ཆ་བགོས་གནང་སྟེ། རི་བོ་དགེ་ལྡན་པའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སྐོར་ལ་གོ་བསྡུར་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་གྲོས་ཆོད་ཁག་གཏན་འབེབས་དང་འབྲེལ། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་༸གོང་ས་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཡིན་འདུག་པ་བཅས།།