༢༠༡༥ ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༨ ཉིན་ས་རཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཡོལ་ཙམ་ལ་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག ས་གནས་ཁག་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བུས་མེད་ལྷན་ཚོགས་ཀྱི་སྐུ་ཚབ། སྐུ་མགྲོན་དང་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར། སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་གནང་བ་དང་འབྲེལ་གསུང་བཤད་གནང་། དེ་ནས་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག བཀའ་ཟུར་མཆོག་བཅས་ཀྱིས་བུད་མེད་ལྷན་ཚོགས་ཀྱིས་པར་སྐྲུན་ཞུས་པའི་བོད་ཕྱི་ནང་གི་མི་རིགས་བསྲེས་ལྷད་ཐད་ཀྱི་ཉམས་ཞིབ་སྙན་ཐོ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ཁག་གི་ལོ་རྒྱུས། བོད་ཀྱི་འཐབ་རྩོད་ཁྲོད་བྱས་རྗེས་ཅན་གྱི་བུད་མེད་ཁག་གཅིག་གི་ལོ་རྒྱུས་བཅས་དཔེ་དེབ་ཁག་གཅིག་དབུ་འབྱེད་གནང་། དེ་རྗེས་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཐོག་མར་སླར་གསོ་སྐབས་སྐུ་ལས་སྐྱོན་མཁན་ལྷག་བསམ་ཅན་གྱི་སྐུ་སྐྱེས་མ་རྣམས་ཀྱི་བྱས་རྗེས་ལ་གུས་བརྩི་ཞུ་སླད་གཟེངས་རྟགས་ཕུལ།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འོག་བུད་མེད་ལྷན་ཚོགས་ཀྱི་བཙུན་མའི་ལས་འཆར་ཟུར་འཛུགས་ཀྱིས་ཕྱི་ལོ་ ༡༩༨༧ ནས་མུ་མཐུད་རྐང་འགན་བཞེས་མཁན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་གྲུབ་བསྟུན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་རྒྱུན་ལས་ལོ་བཅུ་གཉིས་དང་དེ་ཡན་རྒྱུན་ལས་གནང་མྱོང་མཁན་རྣམས་ལ་གཟེངས་རྟགས་གནང་རྗེས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བུད་མེད་ལྷན་ཚཽགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། གཙོ་བོ་དེ་རིང་ལས་རིམ་ནང་བང་སྒྲིག་པ་བཞིན་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་བཟུང་སྐུ་ལས་སྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཧ་ལས་པ་ཡོད་པ་དེ་སྨྲོས་མེད་རེད། ང་ཚོ་བཙན་བྱོལ་ནང་ཡོད་མཁན་རྣམས་དང་ལྷག་པར་བུད་མེད་ལྷན་ཚོགས་དེ་བཞིན་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད། རྒྱ་གར་དང་དེ་བཞིན་རྒྱལ་སྤྱིའི་ནང་སྡིངས་ཆ་མང་པོ་ཞིག་རགས་ཀྱི་ཡོད་པས་གོ་སྐབས་དེ་དག་བཞེས་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དང་བུད་མེད་ཀྱི་ཐོབ་ཐང་གི་ཐོག་གསུང་རྒྱུ་སོགས་ཕྱོགས་གང་ཅིའི་ཐོག་ནས་གོ་སྐབས་བླངས་ཐུབ་པ་དེ་ཧ་ཅང་ཡག་པོ་རེད།
ང་ཚོའི་ལས་འགན་དེ་བོད་ཀྱི་འཐབ་རྩོད་དེ་མ་ཤི་པར་གསོན་པོར་ལྷག་ཐུབ་པ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་རྒྱལ་ཁབ་ཚང་མས་སོ་སོའི་ཁེ་ཕན་ལ་བསམ་བློ་བཏང་གི་རེད་མ་གཏོགས། ང་ཚོ་བོད་པའི་དོན་དུ་ཨ་རི་དང་ནེ་ཊོ་སོགས་ཀྱིས་(NATO) རྒྱ་ནག་ལ་དམག་རྒྱག་གི་མ་རེད། ང་ཚོ་རང་གིས་རྒྱ་ནག་དང་དམག་བརྒྱབ་ན་ཐོབ་རྒྱུ་མེད། ང་ཚོའི་ནང་པའི་ཆོས་ཀྱི་ལྟ་གྲུབ་དང་འགལ་གྱི་ཡོད། དེར་བརྟེན་དངོས་ཡོད་གནས་ཚུལ་བསམ་བློ་བཏང་ན་རྒྱ་ནག་དང་སྐད་ཆ་ཤོད་རྒྱུ་རེད་མ་གཏོགས་བོད་ཀྱི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གཞན་མེད། དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་འགྲོ་བཞིན་ཡོད། རྣམ་པ་ཚོ་ཚང་མ་བོད་པའི་རྩ་དོན་ཆེད་ཕྱག་ལས་གནང་མཁན་ཡིན་སྟབས་གདོང་ལེན་བྱེད་རྒྱུ་མང་པོ་ཞིག་ཡོང་གི་རེད། དྲི་བ་འདྲི་མཁན་ཡང་མང་པོ་ཞིག་ཡོང་རྒྱུ་ཡིན་སྟབས་ལན་མང་པོ་ཞིག་སྐྱོན་དགོས་ཐུག་གི་རེད། ལན་དེ་དག་སྐྱོན་ཆེད་དངོས་ཡོད་གནས་ཚུལ་མ་རྟོགས་པར་སེམས་ཀྱི་ཚོར་ཤུགས་གཅིག་པུའི་ཐོག་ནས་འགྲོ་སྡད་པ་ཡིན་ན་ང་ཚོ་ཁུངས་འཁྱོལ་རྒྱུ་མ་རེད།
ད་ལྟ་གོང་དུ་ལས་བསྡོམས་སྒྲོགས་སྦྱང་གནང་སྐབས་རྒྱབ་ཤ་དཀར་པོ་དང་འབྲེལ་བའི་ཐོག་ནས་མང་པོ་ཞིག་གསུངས་སོང་། ད་ལན་འདིར་ཉིན་གྲངས་ལྔ་ཙམ་རིང་ཚོགས་འདུ་ཚོགས་པ་དང་བསྟུན། འཛིན་སྐྱོང་སོགས་སུ་ཞིག་ལ་ཞུ་དགོས་ན་དེ་ཚོའི་ཐོག་ལན་རྒྱག་སྟངས་ཀྱི་ཐོག་གྲ་སྒྲིག་བྱས་ཐུབ་ཚེ་ཁྱེད་ཚོར་ལག་ཆ་འཕར་མ་ཞིག་ཐོབ་རྒྱུ་རེད། ཚོགས་འདུའི་ཐོག་དོན་དག་བསྒྲུབས་མ་བསྒྲུབ་ཀྱི་གནས་སྟངས་གཅིག་པུ་མིན་པར་སོ་སོའི་ས་གནས་སུ་ཕྱིར་ལོག་བྱས་ཏེ་གཞན་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་མིན་ཤེས་པ་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། མ་འོངས་པའི་སྲིད་སྐྱོང་། བཀའ་བློན། སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྣམ་པ་ཚང་མ་བུད་མེད་ཁྱེད་རང་ཚོའི་ནང་ནས་ཐོན་ཡོང་བའི་སྐབས། བུད་མེད་ནུས་སྟོབས་སྤེལ་དགོས་པ་རེད་ལ། བུད་མེད་ལ་ཐོབ་ཐང་འདྲ་མཉམ་ཐོབ་ཆེད་རྩོད་དགོས་པ་རེད། ངོས་ཀྱིས་དུས་རྒྱུན་ཨེ་ལེན་ནོ་རོ་སི་ཝེལ་ Eleanor Roosevelt གྱིས་གསུངས་པའི་ཚིགས་འགའ་ཤས་ཤིག་སེམས་ནང་ཉར་ནས་ཚིགས་དེ་དག་བོད་པའི་སྤྱི་ཚོགས་དང་སྤྱི་ཡོངས་ལ་བཤད་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱིས་ཡོད། མོ་རང་གིས་དབྱིན་ཡིག་ནང་དེ་ལྟར་བརྗོད་ཡོད། རྣམ་དཔྱོད་ཡངས་པའི་མི་ཞིག་ཡིན་ན་ག་དུས་ཡིན་ཡང་རྒྱལ་ཁབ་དང་མི་མང་། དེ་བཞིན་སྤྱི་ཡོངས་ཀྱི་འཆར་སྣང་ཐད་བསམ་བློ་གཏོང་བ་དང་དེའི་སྐོར་དགོངས་པ་བཞེས་ཀྱི་རེད། མི་ཕལ་བ་ཞིག་ཡིན་ན་ཉིན་རེ་ཉིན་རེའི་ལས་དོན་སྐོར་སྐད་ཆ་བཤད་ཀྱི་རེད། བསམ་བློ་གུ་དོགས་པའི་མི་ཞིག་ཡིན་ན་མི་གཞན་གྱི་སྐོར་སྐད་ཆ་བཤད་ཀྱི་རེད། ཅེས་དང་ཡང་མོ་རང་གིས་དབྱིན་ཡིག་ནང་ནག་ཁུང་རེད་འདུག་ཅེས་སྡུག་སྐད་ཤོར་ནས་བསྡད་པ་ལས། མར་མེ་ཞིག་སྤར་ན་ལེགས་ཅེས། མདོ་དོན་གནད་དོན་གང་ཡིན་རུང་དེའི་ཐོག་འགྲིག་གི་མི་འདུག་ཅེས་སྡུག་སྐད་རྒྱབ་ནས་སྡོད་པ་ལས་མ་འགྲིག་པ་དེ་འགྲིག་པ་བཟོ་ཆེད་སོ་སོས་འབད་བརྩོན་བྱས་ན་བཟང་། ཞེས་པའི་གོ་དོན་ཡིན།
གཞི་རྩའི་ས་གནས་ཁག་གི་ནང་སྐུ་སྐྱེས་མ་ཚོས་དང་དུ་བླངས་ནས་ཕྱག་ལས་གནང་གི་ཡོད་རེད་ལ་འགན་ཁུར་ཡང་གནང་དགོས་པ་རེད། ས་གནས་ཁག་ཏུའང་རྣམ་པ་ཚོས་ཕྱག་ལས་ཚག་ཚུད་གནང་གི་ཡོད་པ་རྣམ་པ་གསལ་པོ་རེད། ལོ་རྒྱུས་ཐོག་ནས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་སྒེར་ལངས་བྱུང་སྐབས་བུད་མེད་ཚོས་སྣེ་ཁྲིད་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་ནས་ཟུང་བཙན་བྱོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༦༣ ལོར་སྤྱི་འཐུས་ནང་བུད་མེད་གདམ་ཐུབ་པ་བྱུང་།
ཕྱི་ལོ་ ༡༩༨༤ ལོར་བུད་མེད་ཚོགས་པ་བཙུགས། དེ་ནས་དེང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་བུད་མེད་ཀྱི་སྤྱི་འཐུས་མང་པོ་ཡོད་པ་དང། བཀའ་བློན་ནང་དུའང་ནང་སྲིད་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཡོད། ཕྱི་ལ་གདོང་སྟོན་མཁན་ཡིན་ནའང་བུད་མེད་ཀྱི་བཀའ་བློན་ཆགས་ཡོད། ད་ལྟ་བཀའ་ཤག་ཚག་ཚུད་ཡོང་བ་དེ་བུད་མེད་བཀའ་བློན་གཉིས་ལ་བརྟེན་ནས་བྱུང་བ་རེད་ཅེས་ཞུས་ཀྱང་འགྲིག་གི་འདུག རྒྱལ་སྤྱིའི་ལོ་རྒྱུས་ཐོག་ནས་བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་སྤེལ་རྒྱུའི་ཐད་ཕྱིར་བལྟས་ཤིག་སློག་པ་ཡིན་ན། གྷི་རིག ཨི་ཇེབ། རྒྱ་ནག ཉི་ཧོང་། རོ་མན་སོགས་ཀྱི་དཔལ་ཡོན་ནང་བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་ཟེར་བ་རེ་ཟུང་ལས་བྱུང་མེད། ལོ་རྒྱུས་ཐོག་ནས་ཕྱི་ལོ་ ༡༧༠༠ དང་ ༡༨༠༠ ནང་ནུབ་ཕྱོགས་པའི་ལྟ་གྲུབ་ཐོག་ནས་ཞུས་པ་ཡིན་ན། སྐབས་དེར་རང་ཆས་ཀྱི་ཐོབ་ཐང་རྩོད་སྐབས་མི་ཞིག་ཡིན་པའི་ཆ་ནས་མིའི་ཐོབ་ཐང་དགོས་པ་རེད་ཅེས་བགྲོ་གླེང་ཞིག་བྱུང་ཡོད། ཕྱི་ལོ་ ༡༨༩༣ ལོར་བུད་མེད་ལ་འོས་འཕེན་རྒྱུའི་ཐོབ་ཐང་སྤྲོད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ནིའུ་ཛི་ལེན་ཌི་ཆགས་ཡོད།
དེ་ནས་ཕྱི་ལོ་ ༡༩༠༢།༡༩༠༦།༡༩༡༣ ཨོ་སི་ཀྲོ་ལི་ཡ། ཕིན་ལེཎ་ཌི། ནོར་ཝེ་བཅས་དང་ཡོ་རོབ་ནང་བུད་མེད་འོས་འཕེན་ཐོབ་ཐང་སྤྲོད་འགོ་བཙུགས། ང་ཚོ་བོད་པ་ལྟ་བུར་མཚོན་ན་བཙན་བྱོལ་དུ་འབྱོར་ནས་ཕྱི་ལོ་ ༡༩༦༠ ལོར་ཕོ་མོ་དབྱེར་མེད་ཀྱི་འོས་འཕེན་ཆོག་པ་དང་། ཕྱི་ལོ་ ༡༩༦༣ ལོར་སྤྱི་འཐུས་ནང་བུད་མེད་གདན་ཐོན་བྱུང་བ་དང་ཆོས་ཕྱོགས་ཐོག་ནས་ཆོས་ལུགས་ཕལ་ཆེ་བའི་ཁྲོད་ཕོ་མོ་གཉིས་ཀར་ཐོབ་ཐང་འདྲ་མཉམ་བྱུང་ཡོད་ཅེས་སོགས་ལོ་རྒྱུས་ཀྱི་བརྒྱུད་རིམ་ཐོག་ནས་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་བྱུང་ཡོད་པའི་མི་སྣ་དང་བཅས་པ་ངོ་སྤྲོད་གནང་ཡོད། ཕྱི་ཚེས་ ༨ ནས་ ༡༣ བར་གྱི་ཚོགས་ཆེན་་དེའི་ཐོག་གནད་དོན་གཙོ་བོ་ནི་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཐོག་ཆོས་ཕྱོགས་ནས་གོ་སྒྲིག་གནང་ཕྱོགས་ཀྱི་བགྲོ་གླེང་བྱ་རྒྱུ་དང་། ལྷག་པར་བུད་མེད་ལྷན་ཚོགས་ཀྱི་དམིགས་ཡུལ་བཞིན་བུད་མེད་ཚོས་བོད་ཀྱི་རྩ་དོན་ཐོག་འགན་ཁུར་གནང་ཕྱོགས་དང་། བུད་མེད་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས། དེ་བཞིན་སྤྱི་ཚོགས་ནང་འགན་ཁུར་གནང་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་དང་གྲོས་ཆོད་སོགས་ཀྱི་ལས་རིམ་མང་པོ་ཞིག་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག