༢༠༡༥ ཟླ་ ༣ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལིའི་གཙུག་ལག་སློབ་ཁང་ Delhi University གི་ཌི་ཨེ་སི་ཀོ་ཐ་རི་ཚན་རིག་དང་། བཟང་སྤྱོད། ཤེས་ཡོན་བསྟི་གནས་ཁང་། DS Kothari Centre for Science, Ethics and Education ཞེས་པའི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་རྣམས་ལ་དེང་སྐབས་ཕྱི་དངོས་པོའི་འཛུགས་བསྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་གཙོ་བོར་དམིགས་ནས་ཤེས་ཡོན་སྤྲོད་རྒྱུའི་ལམ་སྲོལ་ནང་དུ་ནང་ཤེས་བརྒྱུད་དང་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་དགོས་གལ་ཆེ་སྐོར་ལམ་སྟོན་བཀའ་སློབ་སྩལ།
དེ་ཡང་ཉིན་གཉིས་ཀྱི་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་སྐབས་གཙུག་ལག་སློབ་དཔོན་ལྕམ་མི་ནག་ཤི་ཐ་པན་ Prof Meenakshi Thapan ལགས་ཀྱིས་ལྷན་ཚོགས་གཙོ་སྐྱོང་གནང་ཡོད། སྐབས་དེར་ཁོ་མོས་ཌི་ཨེ་སི་ཀོ་ཐ་རི་ DS Kothari དམ་པ་ཁོང་ནི་ཕུལ་བྱུང་གི་དགེ་རྒན་ཞིག་ཡིན་པ་མ་ཟད། ཚན་རིག་དང་དེང་དུས་ཤེས་ཡོན། དེ་བཞིན་བཟང་སྤྱོད་བཅས་ཟུང་འབྲེལ་ཐོག་ནས་སློབ་གསོ་གནང་དགོས་པའི་ལམ་སྟོན་དང་འབད་བརྩོན་ཧ་ཅང་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་མཚན་ཐོག་ནས་གཞི་རིམ་བར་མའི་ཤེས་ཡོན་སྲིད་བྱུས་བསྐྱར་གསོའི་ཚོགས་ཆུང་ Kothari Commission on Secondary Education ཞིག་ཀྱང་བཙུགས་ཡོད་སྐོར་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འབྱེད་མཛད་སྒོའི་བཀའ་སློབ་སྩལ་རྒྱུར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཐེངས་འདིར་ལྡི་ལིའི་གཙུག་ལག་སློབ་ཁང་གིས་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་གནང་བ་དེར་སོག་པོའི་མཐུན་འགྱུར་ཕྲན་བུ་གནང་འདུག ང་ཚོས་དངོས་ཐོག་བདེན་འཚོལ་བྱ་རྒྱུར་ཚན་རིག་གི་ཐབས་ལམ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ཚང་མས་མཁྱེན་བཞིན་ཡོད།
བདེན་པ་འཚོལ་རྒྱུའི་ཐབས་ལམ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་དགོས་རྒྱུ་གལ་ཆེ། དེ་མིན་ལམ་ལྷོང་ཡོང་རྒྱུ་མིན། ངོས་རང་ཆུང་བྱིས་པའི་དུས་ནས་ཚན་རིག་ལ་དོ་སྣང་ཡོད། འཁྲུལ་ཆས་དང་རང་བྱུང་གི་དངོས་པོ་སོགས་ཀྱི་རྣམ་གཞག་དང་བྱེད་ལས་ལ་ངོས་རང་ཆུང་དུས་ནས་ཡ་ཚན་པོ་ཞིག་མཐོང་གི་ཡོད། དེར་བརྟེན་ངོས་ལ་སྐབས་དེར་འཁྲུལ་ཆས་རིགས་དཔེར་ན་ལག་ཐོག་ཆུ་ཚོད་དང་། དེ་མིན་རྩེད་ཆས་རིགས་བྱུང་མ་ཐག་དུས་ཡུན་འཁྱུག་ཙམ་རིང་རྩེད་མོ་རྩེས་རྗེས་རྩེད་ཆས་དེ་དག་ལྷུ་བཤིགས་ནས་བཟོ་སྒྲིག་ཇི་ལྟར་བྱས་མིན་དང་བྱེད་ལས་གང་འདྲ་ཡིན་མིན་ཐད་ཤེས་ཐབས་བྱས་རྗེས་སླར་ཡང་དེ་དག་ལྷུ་སྒྲིག་ཐབས་བྱེད་ཀྱི་ཡོད། དེང་སྐབས་ཚན་རིག་པ་མང་པོ་ཞིག་གིས་རྒྱ་གར་སྲོལ་རྒྱུན་ནས་དར་བའི་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་བྱེད་བཞིན་ཡོད། དེ་སྔ་ཡིན་ན་ནུབ་ཕྱོགས་ཚན་རིག་པ་ཚོས་ཤེས་པ་དེ་ཀླད་པའི་རྫས་སམ་མཐའ་གཅིག་ཏུ་ཀླད་པར་བརྟེན་དགོས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་གལ་ཏེ་ཀླད་པའི་བྱེད་ལས་འགག་པ་ཡིན་ན་ཤེས་པའི་བྱེད་ལས་ཀྱང་འགག་འགྲོ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་བློ་སྦྱངས་ནས་ཤེས་པས་ཀླད་པ་ལ་ཚུར་ཕན་གནོད་བྱེད་ཐུབ་ཀྱི་ཡོད་པ་བརྟག་དཔྱད་བྱས་པ་བརྒྱུད་ནས་ཧ་ཅང་གསལ་པོར་ཤེས་རྟོགས་ཐུབ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།