ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སུད་སི་དང་ལེཀ་ཏེན་སིཌ་
ཡན་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་བདུན་སྟོང་ལྔ་བརྒྱ་བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་དབུ་འཛུགས་མཛད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་དབུ་འཛུགས་མ་གནང་གོང་བཞུགས་གནས་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་སྩལ་དོན། མིའི་སྤྱི་ཚོགས་ནང་བདེ་སྐྱིད་དང་ཞི་བདེ་འབྱུང་རྒྱུར་དེང་དུས་ཀྱི་ཤེས་ཡོན་གཅིག་པུས་འགྲིག་ཐབས་མེད། དེའི་སྟེང་ནང་བསམ་བློ་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་ཐོག་སློབ་སྦྱོང་བྱེད་དགོས། ཕྲུ་གུ་ཆུང་དུས་ནས་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་མིའི་གཞི་རྩའི་རིན་ཐང་བྱམས་པ་དང་ཕན་སེམས། གུས་བརྩི་སོགས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་ཐད་འབད་བརྩོན་ངེས་པར་དུ་བྱེད་དགོས། ཆོས་ལུགས་ཀྱི་མིང་གི་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་བཞིན་པ་དེ་དག་ནི་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་ལམ་སྟོན་གནང་མཁན་ཆོས་ལུགས་ཆེ་ཁག་ཚང་མས་བསླབ་བྱ་དང་ཡོངས་སུ་འགལ་བ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།
དེ་ནས་སེནཊ་ཡ་ཀོབ་ཚོགས་ཁང་དུ་ཐོག་མར་སྔོན་འགྲོའི་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ད་རེས་སླར་ཡང་སུད་སིར་བསླེབས་རྒྱུ་བྱུང་བ་རེད། ཉིན་གྲངས་གཅིག་དང་ཕྱེད་ཀའི་རིང་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་། བོད་མི་དང་སུད་སིར་གཞིས་ཆགས་པའི་བོད་མི་གཙོ་བོར་གྱུར་བའི་བོད་རིགས་མིན་པའི་ཕྱི་རྒྱལ་གྱི་གྲོགས་པོ་དོ་ཁུར་ཅན་མང་པོ་ཞིག་ཕེབས་འདུག་པར་དགའ་བོ་བྱུང་། བོད་པ་དང་། རྒྱ་རིགས། ཉི་ཧོང་སོགས་ལ་ཆ་བཞག་ན། ནང་པའི་ཆོས་ལ་དད་པ་ཡོད་ཀྱང་སློབ་སྦྱོང་བྱེད་རྒྱུར་དོ་སྣང་གང་ཡང་མེད་པར་བརྟེན། ནང་ཆོས་ལ་དད་པ་ཡོད་པ་ཙམ་མ་གཏོགས་དད་པ་བྱེད་སའི་ཡུལ་ལ་ཁྱད་པར་གང་ཡོད་པ་དེ་ཚོར་དོ་སྣང་མ་བྱེད་པ་ཡིན་ན་ཤེས་ཀྱི་མ་རེད། མ་ཤེས་པའི་དབང་གིས་ནང་པའི་ཆོས་ཟེར་དུས་ཕ་མེས་ནས་མར་ལམ་དང་ལུགས་སྲོལ་ལྟ་བུར་ཆགས་ནས་སྐྱབས་སུ་མཆིས་བརྗོད་རྒྱུ་ཙམ་མ་གཏོགས་གང་ཡང་མ་ཤེས་པ་དེ་ནོར་བ་རེད། སྤྱིར་ནང་ཆོས་སྐོར་དང་། ལྷག་པར་དཔལ་ནལེནྡྲའི་ཆོས་བརྒྱུད་དེ་གང་འདྲ་ཞིག་ཡིན་པ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་གསུང་ཆོས་དབུ་འཛུགས་མཛད།