ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དབུས་མ་ཧ་རཤ་ཊ་མངའ་སྡེའི་གྲོང་ཁྱེར་ནཱག་པུར་དུ་གནས་སྡོད་སྐུ་ཞབས་སན་དེཤ་མེཤ་རཱམ་ (Sandesh Meshram) ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན་ནཱག་པུར་བོད་མིའི་སུད་ཚོང་བའི་ཁྲོམ་ས་ནས་བོད་དོན་དྲིལ་བསྒྲགས་སླད་རྒྱ་གར་གྱི་མངའ་སྡེ་ཁག་ལྔ་ཙམ་ལ་རྐང་འཁོར་ཐོག་ཉིན་གྲངས་ ༤༥ རིང་བསྐྱོད་དེ་མཐའ་མའི་མཇུག་བསྡོམས་ཀྱི་མཛད་སྒོ་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཚོགས་ཡོད།
དེ་ཡང་མཛད་སྒོ་དངོས་གཞི་གཞིས་དགོན་ཐེག་ཆེན་གླིང་དུ་འདུས་འཛོམས་ཀྱིས་དགེ་འདུན་པ་དང་མི་མང་རྣམས་ནས་བདེན་ཚིགས་སྨོན་ལམ་གསུང་འདོན་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་། དེ་ནས་བོད་ཕྱི་ནང་གཉིས་ཀྱི་ནང་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས་ལུས་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས་ས་གནས་འགོ་འཛིན་དང་སན་དེཤ་མེཤ་རཱམ་ལགས་སོགས་ནས་རིམ་བཞིན་གསུང་བཤད་གནང།
དེ་རྗེས་ས་གནས་འགོ་འཛིན་ལས་ཁུངས་ནས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་ཐུགས་རྗེ་ལེགས་སོའི་དྲན་རྟེན་ཕྱག་རྟགས་སྟོན་པའི་སྐུ་བརྙན་ཞིག་ཕུལ། ཕྱི་དྲོ་ ༦།༣༠ ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས།།