༢༠༡༤ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༠ ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཡུལ་དེའི་གྲོང་ཁྱེར་ཀེབ་ཊོན་དུ་ཨིན་ཀ་ཐ་རང་དབང་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ Inkatha Freedom Party ལྷན་མཇལ་འཕྲད་ཀྱིས་ལྷན་ཚོགས་གནང་འདུག ཚོགས་འདུ་འདི་བཞིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་གསར་པ་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་སྤེལ་སླད་བོད་དོན་ངོ་སྤྲོད་ཀྱི་ལྷན་ཚོགས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ལྷོ་ཨ་ཕི་རི་ཀའི་ཨིན་ཀ་ཐ་རང་དབང་ཚོགས་པའི་ཚོགས་གཙོ་རྒྱལ་སྲས་མོན་གོ་སུ་ཏུ་བྷུ་ཐེ་ལེ་ཛི་ Prince Mangosuthu Buthelezi མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རེན་སིངྒ་མཆོག Mr. Narend Singh སོགས་དང་མཇལ་འཕྲད་གནང་འདུག
ལྷན་ཚོགས་སྐབས་སྐུ་ཚབ་དོན་གཅོད་ཀྱིས་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་དེང་སྐབས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༣༢ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་གདུབ་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་སྐོར་དང་། ཕྱོགས་མཚུངས་སྐབས་དེར་སྐུ་ཚབ་དོན་གཅོད་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱེད་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་གསུངས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་ཡིག་ཆ་ཁག་འགྲེམས་སྤེལ་གནང་འདུག
དེ་བཞིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ཀྱི་ཨིན་ཀ་ཐ་རང་དབང་ཚོགས་པའི་འཐུས་མི་དང་བོད་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་མ་རི་ཨོ་ཨེམ་བྷོ་རོ་སི་ནི་ Dr. Mario Ambrosini མཆོག་འདས་གྲོངས་སུ་གྱུར་བར་སེམས་གསོ་གནང་བ་དང་བསྟུན། དེ་སྔ་སྐུ་ཚབ་དོན་ཁང་གིས་གསར་འགོད་གསལ་བསྒྲགས་ལ་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག དེ་ཡང་གསར་འགོད་གསལ་བསྒྲགས་དེ་ནི་ལྷོ་ཨ་ཕི་རི་ཀའི་དམར་ཤོག་ཚོགས་པས་༸གོང་ས་མཆོག་ལྷོ་ཨ་ཕི་རི་ཀར་ཆིབས་སྒྱུར་བསྐྱང་རྒྱུའི་ཆེད་མཐོང་ཆེན་འབུལ་ཕྱོགས་དང་འབྲེལ་བའི་གནད་དོན་ཐོག་འཁྱོག་བཤད་གྱི་བསྒྲགས་གཏམ་སྤེལ་བ་དེར་སྐུ་ཚབ་དོན་ཁང་ནས་ལན་འདེབས་གསལ་བཤད་གནང་བ་ཞིག་ཡིན་འདུག
སྐུ་ཚབ་དོན་གཅོད་ཀྱིས་ལྷན་ཚོགས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་ཡོད་སྐོར་ཞིབ་ཕྲ་ངོ་སྤྲོད་ཞུས་འདུག ཐེངས་འདིར་སྐུ་ཚབ་དོན་གཅོད་གྲོང་ཁྱེར་ཀེབ་ཊོན་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་བོད་དོན་རྒྱབ་སྐྱོར་བ་མི་སྣ་གྲགས་ཅན་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་འདུག