༢༠༡༤ ཟླ་ ༡༠ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༣ འཁོད་པའི་ལས་བྱེད་གནས་སྤོས་དང་ལས་འགན་བཀོད་སྒྲིག་གི་གསལ་བསྒྲགས་ནང་ཨུ་རུ་སུ་རྒྱལ་ཁོངས་ཀྱི་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་མཚན་གནས་ཐོག་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
དེ་ཡང་རུ་སོག་སྐུ་ཚབ་དོན་གཅོད་ཞིང་ནོར་ངག་དབང་རབ་རྒྱས་ལགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་འདུག་པ་དང་། རྒྱ་གར་དུ་ལས་བཅར་ཞུ་རྒྱུའི་མཐོང་མཆན་ཡིག་ཆ་འགྲིགས་མཚམས་ནས་ལས་བཅར་ཞུ་རྒྱུ་ཡིན་འདུག
ཏེ་ལོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནི། ཨ་རིར་འཁྲུངས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏེ་ལོ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་རྗེས་དགུང་ལོ་བདུན་ལ་སོན་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཆོས་བཞུགས་གནང་སྟེ། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་གནང་བ་མ་ཟད། ད་ལྟའི་ཆར་ཨུ་རུ་སུའི་མངའ་ཁོངས་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་གྱི་འགན་བཞེས་མུས་ཡིན་འདུག