༢༠༡༤ ཟླ་ ༡༠ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ཉིན་བཏང་ནས་ནང་འཁོད་དོན། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་ཏི་ཛུ་དར་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་གཙོ་དགོངས་ཞུས་ཀྱི་ཚབ་གསར་བདམས་ཐོན་ཚོགས་གཙོ་ཆོས་སྒྲོན་སྒྲོན་མ་ལགས་ཀྱི་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་ཡོད་པ་དང། ཞོར་དུ་ས་གནས་ཀྱི་གནད་ཡོད་ལས་སྣེ་ལྷན་ཁྲིམས་ལུགས་དབང་འཛིན་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། དེ་ནས་ཚེས་ ༢༢ ནས་ ༢༥ བར་མན་སྤར་ཕན་བདེ་གླིང་ས་འཐུས་སྐབས་དྲུག་བའི་བདམས་ཐོན་ཚོགས་མི་རྣམ་པ་དང་། ཚོགས་གཙོ་ཚོགས་གཞོན་གྱི་ལས་ཁུར་དམ་བཅའ་འབུལ་བཞེས་དང་བསྟུན། མན་སྤར་ཕན་བདེ་གླིང་མི་མང་ལ་ཁྲིམས་ཞིབ་པ་ངོ་སྤྲོད་དང་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༤ ཉིན་སྔ་དྲོར། ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ནས་གཞིས་གྲོང་གསུམ་པ་ནས་གཞིས་གྲོང་དྲུག་པ། ཚེས་ ༢༥ ཉིན་གཞིས་གྲོང་དང་པོ་དང། གཞིས་གྲོང་གཉིས་པ། གཞིས་གྲོང་བདུན་པ་བཅས་ཀྱི་སེར་སྐྱ་མི་མང་ ༡༢༦ ཙམ་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ངོ་སྤྲོད་དང་སྦྲགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འགན་དབང་དང། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག ལག་བསྟར་དམ་ཡིག བརྡ་ཐོར་བརྩི་བཀུར། གཞི་རྩའི་ཆ་རྐྱེན། བྱེད་ཐབས་ཇི་ཡོད། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ས་གནས་ཁྲིམས་ཞིབ་ཁང་དང་སྐོར་སྐྱོད་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད། ཟུར་བཙུགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ལ་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་བཅས་ཀྱི་སྐོར་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།