༢༠༡༤ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་འཁྲུངས་ཚེས་དང་འབྲེལ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩིའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན།
འཕགས་མཆོག་ཕྱག་ན་པད་མོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བླ་སྲོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ་དེ་རིང་མེས་པོ་དམ་པ་གཱན་དྷི་མཆོག་གི་འཁྲུངས་སྐར་དང་། དེའི་ཐོག་བོད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱ་གར་གྱི་སྲིད་བློན་ཟུར་པ་ལལ་བྷ་ཧ་དུར་ཤསྟྲཱི་མཆོག་གི་འཁྲུངས་སྐར་ཡང་འཁེལ་ཡོད་པ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༡༤ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་ཞུས་པའི་མཛད་རིམ་གྱི་ནང་། གལ་ཆེ་ཤོས་ཤིག་དེ་རིང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་མཛའ་བརྩེ་ཆེན་པོ་ཡོད་པའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཇོ་ཌི་ཝི་ལི་ཡམ་སི་མཆོག་དང་ཤི་རིན་ཨི་བྷ་ཌི་མཆོག་གིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་། སློབ་ཕྲུག་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གལ་པོ་ཆེ་ལ་ནན་ཏན་ཞུས་པ་ལྟར། དེ་རིང་གི་མཛད་རིམ་ནང་ཕེབས་བསུའི་ལས་རིམ་གཉིས་བཞག་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་ཁག་དང་། དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝི་ལི་ཡམ་སི་མཆོག་དང་ཤི་རིན་ཨི་བྷ་ཌི་མཆོག་རྣམ་གཉིས་ཀྱི་བྱས་རྗེས་ཆ་ཚང་ཞིག་སྙན་སྒྲོན་དང་ཆབས་ཅིག དེ་རིང་འདིར་ཕེབས་པའི་དགའ་བསུའི་འཚམས་འདྲི་ཆ་ཚང་ཞིག་གསུངས་གྲུབ་པར་བརྟེན་བསྐྱར་ལྡབ་ཞུས་ཀྱི་མིན། དེ་རིང་གི་མཛད་སྒོའི་གལ་གནད་དང་མཛད་སྒོའི་རྣམ་པའི་ཐོག་ནས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་ཚོར་བ་དང་། རྒྱལ་སྤྱིའི་ནང་ཞི་བདེ་ལ་དགའ་བའི་བོད་མི་ཚང་མར་རྣམ་འགྱུར་གང་འདྲ་ཞིག་བསྟན་གྱི་ཡོད་མེད་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་གྲུབ་པ་དེར་རྒྱབ་སྐྱོར་ཞུས་པ་དང་ལྷན། ལྕ་སྐུ་ཇོ་ཌི་ཝི་ལི་ཡམ་སི་མཆོག་གིས་ཕྱི་ལོ་ ༡༩༩༢ ལོ་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅུའི་སྒྲིག་འཛུགས་ཆུང་ཆུང་ཞིག་བཙུགས་ཏེ་སྐུ་ལས་ཧ་ཅང་བསྐྱོན་ཏེ། གཞུང་འབྲེལ་མིན་པའི་ཚོགས་པ་ཆིག་སྟོང་ལྷག་ལ་སྙོབས་ཐུབ་པ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་གཞུང་། གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་འདུས་པའི་རྒྱལ་སྤྱིའི་གན་རྒྱ་ཞིག་བཞག་ཐུབ་པ་བྱུང་ཡོད། གང་ལྟར་དམག་འཁྲུག་སྐབས་མི་གསོད་ཁྲག་སྦྱོར་མང་པོ་ཞིག་བྱུང་གི་ཡོད། དེ་དང་ཆབས་ཅིག་ས་འོག་ཏུ་འབར་རྫས་སྦས་ནས་དམག་འཁྲུག་ཚར་རྗེས་མི་མང་དཀྱུས་མ་མང་པོ་ཞིག་གི་ཚེ་སྲོག་ཤོར་གྱི་ཡོད་པ་དེར་ངོ་རྒོལ་གྱི་བརྡ་ལན་བྱས་རྗེས་ཆིངས་ཡིག་བཞག་ཐུབ་པ་བྱུང་ཡོད། འདི་ལྟ་བུའི་རླབས་ཆེན་གྱི་བྱས་རྗེས་ལ་བརྟེན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།
ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་ནི་ཤེས་ཡོན་སློབ་སྦྱོང་དང་ཁྲིམས་དཔོན་གནང་སྐབས་སྐུ་ངལ་དེ་ཙམ་འཕྲད་མེད་ཀྱང་། ཕྱི་ལོ་ ༡༩༧༩ ལོར་ཁ་ཆེའི་གསར་བརྗེ་ཆེན་མོ་ཞིག་བྱུང་རྗེས་དཀའ་སྡུག་མང་པོ་ཞིག་མྱངས་ནས། འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་དང་བྱིས་པའི་ཐོབ་ཐང་རྩོད་ལེན་ཤུགས་ཆེ་གནང་སྟེ། ད་ཆ་ང་ཚོ་བཞིན་དབྱིན་ཡུལ་དུ་སྐྱབས་བཅོལ་ཐོག་གནས་ཡོད། ཁོང་རྣམ་པ་གཉིས་དེ་རིང་འདིར་ཕེབས་ཐུབ་པ་བྱུང་ཡོད། གཞན་ཕེབས་འདོད་ཡོད་པ་ཁོང་རྣམས་སོ་སོའི་གནས་སྟངས་ཀྱི་རྐྱེན་པས་དེ་རིང་འདིར་ཕེབས་ཐུབ་མེད་པ་ཚོ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དང་སྟབས་བསྟུན། གདུང་སེམས་མཉམ་སྐྱེ་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར་ལྷོ་ཨ་ཕི་རི་ཀར་འཚོགས་གཏན་འཁེལ་བའི་ཚོགས་འདུ་དེར་བཅར་རྒྱུ་མིན་པའི་གསར་འགོད་གསལ་བསྒྲགས་སྤེལ་ཏེ་གདུང་སེམས་མཉམ་སྐྱེའི་རྣམ་པ་བསྟན་པ་དེ་དག་ཚང་མ་དུས་སྟོན་འདིའི་ཐོག་མཉམ་ཞུགས་གནང་བ་དང་ཁྱད་པར་མེད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
ད་ལྟའི་ཆར་འཛམ་གླིང་ནང་རང་བྱུང་གི་གནོད་འཚེ་དང་ནད་ཡམས་སོགས་ཀྱིས་འགྲོ་བ་མིར་དཀའ་སྡུག་མང་པོ་བཟོ་བཞིན་ཡོད་པ་དང་། དེ་བཞིན་མིས་བཟོས་པའི་དཀའ་ངལ་དེ་ཨི་རག་དང་སེ་རི་ཡ་ལྟ་བུའི་ནང་དྲག་པོའི་འཐབ་རྩོད་མང་པོ་བྱེད་བཞིན་ཡོད། གཞན་ཡང་ཧོང་ཀོང་ནང་མི་མང་གིས་ཞི་བའི་འཐབ་རྩོད་བྱེད་བཞིན་པའི་དུས་སྐབས་འདིར། ༧གོང་ས་མཆོག་དང་ལྕམ་སྐུ་ཇུ་ཌི་ཝི་ལི་ཡམ་སི་མཆོག ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་ལྟ་བུ་འཛམ་གླིང་ལ་ཞི་བདེ་སྐྲུན་མཁན་གྱི་གང་ཟག་གང་མང་ཞིག་ཡོང་ཐུབ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། སྔར་ལས་ལྷག་པའི་འབད་བརྩོན་གནང་དགོས་པའི་དུས་སྐབས་ཤིག་ཏུའང་བསླེབས་ཡོད་ཅེས་གསུང་བཤད་གནང་ཡོད།།