༢༠༡༤ ཟླ་ ༡༠ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་བོད་མིའི་ཤེས་ཡོན་དང་བདེ་དོན་ཆེད་རོགས་སྐྱོར་གནང་མཁན་དགུང་གྲངས་ ༩༥ ལ་ཕེབས་པའི་ལྕམ་སྐུ་ཨ་མ་ཝེ་གར་ Ama Wäger ལགས་འདས་གྲོངས་སུ་གྱུར་བར་བརྟེན། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་གྲོང་ཁྱེར་མུ་ནིཀ་ཏུ་གནས་སྡོད་ལྕམ་སྐུ་དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན།
ཨ་མ་ཝེ་གར་ལགས་འདས་གྲོངས་སུ་གྱུར་བ་དེས་བོད་མི་རྣམས་ཀྱི་གྲོགས་པོ་བློས་ཐུབ་གཅིག་མེད་པར་གྱུར་ཡོད། ལྕམ་སྐུ་དམ་པ་ཁོང་གིས་མི་ཚེ་ཧྲིལ་པོའི་རིང་བོད་མི་ཉམས་ཐག་རྣམས་ལ་བརྩེ་གདུང་ཧ་ཅང་ཆེན་པོས་གཟིགས་རྟོགས་གནང་ཡོད། བཙན་བྱོལ་བོད་མི་རྣམས་དང་ལྷག་པར་བོད་མི་གཞོན་སྐྱེས་ཕོ་མོ་རྣམས་ཀྱི་ཤེས་ཡོན་ལ་ཐུགས་ཁུར་ཆེ་ཞེས་ཀྱིས་གཟིགས་རྟོགས་གནང་མཁན་མང་པོ་ཡོད་ཁོངས་ནས་ཨ་མ་ཝེ་གར་ལགས་གཟེངས་སུ་ཐོན་པ་ཞིག་ཆགས་ཡོད།
ཨ་མ་ལགས་རང་ཉིད་ཐུགས་སེམས་ཧ་ཅང་བཟང་པོ་ཡོད་པ་མ་ཟད། ཇར་མན་ཡུལ་མི་གཞན་ཁག་གཅིག་ལའང་བོད་མི་ཉམ་ཐག་དགོས་མཁོ་ཅན་རྣམས་ལ་རོགས་རམ་གནང་དགོས་པའི་ལམ་སྟོན་ཡང་གནང་མྱོང་ཡོད། ཕྱོགས་མཚུངས་ཨ་མ་ལགས་ཀྱིས་རྒྱ་བལ་གཉིས་ནང་གི་བོད་མིའི་སློབ་གྲྭ་ཁག་གི་ནང་དངོས་སུ་གཟིགས་སྐོར་ཕེབས་ཡོད། ཅེས་གསུང་འཕྲིན་སྩལ་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་གིས་སྨོན་ལམ་གསུང་འདོན་སྐབས་ཨ་མ་ལགས་དམ་པ་ཁོ་གི་ཆེད་ཐུགས་སྨོན་མཛད་རྒྱུ་ཡིན་སྐོར་གྱི་གསུང་འཕྲིན་སྩལ།