༢༠༡༤ ཟླ་ ༩ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །བོད་མིའི་དབུ་ཁྲིད་ནས་རྒྱ་ནག་གཞུང་གིས་ཁ་ཞེ་གཉིས་མེད་དང་དོན་དམ་ཐོག་གྲོས་མོལ་གྱི་སྒོ་མོ་འབྱེད་རྒྱུའི་ཐུགས་རེ་གནང་གི་ཡོད་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༨ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་དུས་དེབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་ཁུལ་གྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་རྩོམ་ཡིག་གཅིག་བྲིས་ཡོད་པའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ལོར་ཡུ་རོབ་ཆེས་མཐོའི་སྐུ་ཚབ་ལྕམ་ (Catherine Ashton) མཆོག་གིས་རྒྱ་ནག་གཞུང་ལ། བོད་ནང་གི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་འབྱུང་རྩ་ཇི་ཡིན་རྩད་གཅོད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད། བོད་མི་ཚོས་ཆབ་སྲིད་དང། དཔལ་འབྱོར། རིག་གཞུང་སོགས་ལོངས་སུ་སྤྱོད་ཆོག་པའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཞུ་དགོས།
ལྷག་པར་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་བྱེད་དགོས་སྐོར་འབོད་སྐུལ་གནང་བའི་ཉིན་གཉིས་ཀྱི་རྗེས་སུ། ཕྱི་ལོ་ ༢༠༠༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་སོགས་ནས་རྒྱ་ནག་གི་འགོ་ཁྲིད་ལ་བཏོན་པའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྐོར་གྱི་གྲོས་འཆར་ཁག་ལ་ཡུ་རོབ་གྲོས་ཚོགས་ནས་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པའི་གསལ་བསྒྲགས་ཀྱང་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་སྔར་ལྷག་ཇེ་ཞན་ཇེ་སྡུག་ཏུ་བཏང་བར་བརྟེན་སྐབས་དེར་བོད་མི་ ༨༦ ནས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་བའི་ཁར་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་ཕྱིན་ཏེ། ད་ལྟའི་ཆར་བོད་མི་གྲངས་ ༡༣༠ ནས་རང་ལུས་མེར་སྲེག་བཏང་ཡོད། དེ་ལྟ་བུའི་གནས་སྟངས་ཛ་དྲག་གྱུར་སྟབས། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་གནས་སྟངས་ལ་བློ་འཚབ་ཆེན་པོར་བྱས་ཏེ། རྒྱ་ནག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་ཞུ་གི་ཡོད། དེ་བཞིན་བོད་ཀྱི་དབུ་ཁྲིད་ཚོས་ཀྱང་བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུ་དང་རང་བཙན་རྩོད་ལེན་གནང་གི་མེད་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་རྩོད་ལེན་གནང་གི་ཡོད། དེའི་དམིགས་ཡུལ་ནི་བོད་མི་རིགས་དང། དེའི་ཐུན་མོང་མ་ཡིན་པའི་རིག་གཞུང། མི་རིགས་ཀྱི་སྐད་ཡིག ཁོར་ཡུག་སོགས་འཚོ་གནས་ཐུབ་ཐབས་ཀྱི་ཆེད་དུ་ཡིན། ང་ཚོས་དབུ་མའི་ལམ་གྱི་ཐོག་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་འཚེ་བ་མེད་པ་དང། གྲོས་མོལ། འགྲིག་འཇགས་ཀྱི་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་སྐོར་སོགས་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་འདུག