༢༠༡༤ ཟླ་ ༩ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ནང་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་འདི་བཞིན་གནད་དོན་གཙོ་བོ་ཞིག་ཆགས་ཡོད་པར་ངོས་འཛིན་གནང་དགོས།
དེ་ཡང་བདུན་ཕྲག་རྗེས་མ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ (Xi Jinping) རྒྱ་གར་དུ་གཞུང་དོན་འཚམས་གཟིགས་ཐོག་མ་སླེབ་ཀྱི་ཡོད་པར་བརྟེན། གནད་དོན་དེའི་སྐོར་ལ་ཉེ་ལམ་རྒྱ་གར་གསར་ཤོག་ཧིན་དུ། (The Hindu) ཞེས་པའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གྱི་གཞུང་གསར་པའི་ཐོག་ལ་རེ་སྒུག་ག་རེ་གནང་གི་ཡོད་མིན་སོགས་གནད་དོན་ཁག་གཅིག་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས་ཡོད་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལན་འདེབས་གནང་དོན།
རྒྱ་ནག་གཞུང་གིས་བོད་དེ་བཞིན་གནད་དོན་གཙོ་བོ་ཞིག་ཡིན་པར་བརྗོད་ཡོད་པ་ལྟར། རྒྱ་གར་ཙམ་མ་ཟད། ལྷོ་ཤར་ཨེ་ཤི་ཡ་ཡོངས་ལའང་བོད་ཀྱི་གནད་དོན་འདི་གལ་གནད་ཤིན་ཏུ་ཆེན་པོ་ཆགས་ཀྱི་ཡོད་སྟབས། དེ་ལྟར་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། ལྷག་པར་རྒྱ་གར་ནང་སྲིད་གཞུང་སུ་བསླེབས་ཀྱང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུར་ང་ཚོས་རེ་སྒུག་བྱེད་བཞིན་ཡོད། ང་ཚོའི་ལངས་ཕྱོགས་ནི། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་སྟེ་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་བསྐྲུན་ཐབས་འབད་བརྩོན་བྱེད་བཞིན་ཡོད། ཅེས་ལན་འདེབས་གནང་འདུག ཡང་གོང་གསལ་གསར་ཤོག་གིས་གསར་འགོད་པས། རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་སྲིད་བློན་གྱི་ཐུགས་འགན་བཞེས་རྗེས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ལ་གལ་གནད་ཆེན་པོར་གཟིགས་སྟབས། བོད་ཀྱི་གནད་དོན་ཟུར་འབུད་བྱེད་སྲིད་མིན་ཐོག་བོད་མི་ཚོར་བློ་འཚབ་ཇི་ཡོད་བཅར་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཙམ་མ་ཟད། རྒྱ་གར་དང་ཡུལ་གྲུ་གཞན་དབར་བཟང་ཕྱོགས་ཀྱི་འབྲེལ་བའི་འཕེལ་རིམ་ལ་བོད་མིའི་ངོས་ནས་དགའ་བསུ་ཞུ་གི་ཡོད་པ་ལས་དེར་འགོག་རྐྱེན་སྤྲོད་རྒྱུའི་འདུན་པ་གང་ཡང་མེད། སྤྱི་ཡོངས་ཆ་ནས་ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལངས་ཕྱོགས་དེ་ནི་རང་རྒྱལ་གཞན་ཕམ་མིན་པར་བོད་མི་ཙམ་མ་ཟད། རྒྱ་དཀར་ནག་གཉིས་ཀར་ཁེ་ཕན་ཡང་ཡོད། ཅེས་ལན་འདེབས་གནང་འདུག