༢༠༡༤ ཟླ་ ༩ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བཀའ་ཤག་སྐབས་བཅུ་བཞི་པས་ཕྱི་ལོ་ ༢༠༡༤ ལོ་འདི་ནི་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་དྲུང་ཆེ་རྣམ་པས་རྒྱ་གར་དང་ཕྱི་རྒྱལ་སོགས་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་མང་ཚོགས་དང་དགོན་སྡེ་གྲྭ་ཚང་། སློབ་གྲྭ སུད་ཚོང་བ། གཞིས་ཆགས་ཁག་བཅས་ཀྱི་ནང་གོ་རྟོགས་རྒྱ་ཆེ་སྤེལ་ཡོད་པ་ལྟར། ཕྱི་ཟླ་ ༨ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ཨ་རིའི་གྲོང་ཁྱེར་པོཌ་ལེན་ཌིར་ Portland ས་གནས་བོད་མི་རྣམས་ལ་གོང་འཁོད་བརྗོད་གཞིའི་ཐོག་གསུང་བཤད་གནང་། དེ་རྗེས་བཀའ་བློན་མཆོག་གིས་རིམ་བཞིན་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་ San Francisco དང་། ཝ་ཤིང་ཊོན་ཌི་སི་། Washington DC ཨི་ཐཱ་ཀ Ithaca མི་ནེ་སོ་ཊ་Minnesota མེ་ཌི་སོན། Madison ཤི་ཁ་གོ། Chicago ནིའུ་ཡོཀ New York བཅས་དང་གཞན་ཡང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ Toronto བཅས་ཀྱི་ནང་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་ཏེ་ཟླ་ ༩ ཚེས་ ༦ ཉིན་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༧ ཉིན་རྒྱ་གར་དུ་ཕྱིར་ཕེབས་གནང་འདུག
གཞན་ཡང་ཐེངས་འདིར་དཔལ་འབྱོར་བཀའ་བློན་མཆོག་གིས་ཕྱི་སྡོད་བོད་རིགས་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་དཔྱ་དངུལ་ལག་དེབ་གསར་པ་བཟོ་ཕྱོགས་སྐོར་སོགས་ལ་གསལ་བཤད་ཙམ་མ་ཟད། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་གནང་བ་བརྒྱུད་དེ་སྔ་དང་བླངས་དཔྱ་དངུལ་མ་འབུལ་མཁན་རྣམས་ལ་རྒྱལ་ཞེན་ལྷག་བསམ་སྙིང་བཅང་ཐོག་དང་བླངས་དཔྱ་དངུལ་གང་ཐུབ་འབུལ་ཐབས་གནང་གལ་ཆེ་སྐོར་སོགས་ངོ་སྤྲོད་གནང་འདུག ཐེངས་འདིར་དཔལ་འབྱོར་བཀའ་བློན་མཆོག་གི་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ཨ་རི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ངག་དབང་ཡོན་ཏན་ལགས་ལྷན་དུ་བཅར་འདུག