༢༠༡༤ ཟླ་ ༩ ཚེས་ ༡༣ རེས་གཟའ་སྤེན་པ།
སྔོན་གླེང་།
༄༅། །ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱ་འགོ་བཙུགས་ཏེ། དྲག་ཆར་རླུང་འཚུབ་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་ཞིང་། བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་ཡོད་པ་དང་། དགོན་སྡེ་ ༦༠༠༠ ལྷག་གཏོར་བཅོམ། རང་བྱུང་གཏེར་ཁ་སྔོག་འདོན། ནགས་ཚལ་གཅོད་འབྲེག སྲོག་ཆགས་བསད་བཟུང་སོགས་སྣོད་བཅུད་གཉིས་ཀར་གཏོར་བཤིག་ཚད་མེད་བཏང་སྟེ། བོད་མི་རྣམས་རང་ཡུལ་དུ་མུ་མཐུད་འཚོ་གནས་ལ་སྒོ་ཀུན་ནས་ཉེན་ཁ་འཕྲད་ཅིང་། མི་ཐོག་རིམ་བརྒྱུད་ཀྱིས་ཞི་བའི་ལམ་ནས་རེ་འདུན་ནམ་བཏོན་ལ་དྲག་གནོན་འབུར་འཇོམས་ཀྱི་རྩུབ་སྤྱོད་ལག་བསྟར་བྱས་པ་དང་།
ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་བོད་མི་ཞི་རྒོལ་བའི་ཐོག་མངོན་སུམ་འཛེམས་མེད་ཀྱིས་དྲག་གནོན་དམར་གསོད་དང་མནར་གཅོད་རྡུང་རྡེག་ཚད་ལས་འདས་པ་སྔར་དང་མ་འདྲ་བ་བཏང་བ་དང་། འཚེ་མེད་ཞི་བའི་ལས་འགུལ་ཤུགས་ཆེ་སྤེལ་བར་རྒྱ་གཞུང་གིས་བོད་མིའི་རེ་འདུན་ལ་གཟུར་གནས་དཔྱད་ཞིབ་དང་བསམ་གཞིགས། བོད་ཀྱི་དངོས་ཡོད་གནས་བབ་དང་མཐུན་པའི་དངོས་ཐོག་བདེན་འཚོལ་གྱི་སྲིད་བྱུས་འོས་འཚམས་ལག་བསྟར་བྱ་རྒྱུའི་ཚབ་ཏུ། བསམ་ཤེས་གང་ཡང་མེད་པར་དྲག་གནོན་དང་། མཁྲེགས་བཟུང་གི་སྲིད་བྱུས་འགྱུར་བ་སྤུ་ཙམ་མེད་པ་མུ་མཐུད་ལག་བསྟར་བྱེད་བཞིན་པའི་ཁྲོད་བོད་རིགས་རྒན་དར་གཞོན་གསུམ་ནས་བཟོད་ཐབས་བྲལ་ཏེ་རང་ལུས་མེར་བསྲེགས་ཀྱིས་རང་གི་འདོད་འདུན་གསལ་སྟོན་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བརྩམས་དགོས་བྱུང་ཡོད།
ལྷག་པར་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༧ པ་བར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༢༧ བྱུང་ཡོད་པ་དང་། དེ་རྗེས་བོད་མི་སེར་སྐྱ་དཔའ་བོ་དཔའ་མོ་གྲངས་ ༣ གྱིས་བློས་གཏོང་ཆེན་པོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མིར་རང་དབང་དགོས་འདུན་གྱི་སླད་དུ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་ཚད་མཐོའི་འཚེ་མེད་ཞི་བའི་ངོ་རྒོལ་ཤུགས་ཆེ་གནང་ཡོད་པར་ཡང་གོང་བཞིན་མཁྲེགས་འཛིན་གྱི་སྲིད་བྱུས་དེ་རང་ཐོག་མཐའ་གཅིག་ཏུ་དཔལ་འབྱོར་གྱི་བསླུ་བྲིད་གང་ནུས་ཀྱི་གཡོ་སྒྱུ་དང་། དྲག་པོའི་དམག་དང་གོ་མཚོན་གྱི་མགོ་གནོན་འབའ་ཞིག་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་ནི། ད་ལྟའི་དུས་རབས་དང་དངོས་ཡོད་གནས་སྟངས་གང་དང་ཡང་གཏན་ནས་མི་མཚུངས་པའི་རྗེས་ལུས་ཀྱི་མངོན་རྟགས་ཡིན། ཕྱི་ལོ་ ༢༠༡༤ ཟླ་ ༣ པའི་ཚེས་ ༡༦ ནས་བཟུང་བོད་མདོ་སྨད་རྨ་ལྷོ་རྩེ་ཁོག་དང་། ཁམས་འབའ་ཐང་། ཁམས་རྟའུ་བཅས་སུ་རང་རིགས་སེར་སྐྱ་ཕོ་མོ་ ༣ གྱིས་རང་ལུས་མེར་བསྲེགས་གནང་སྟེ། བོད་མི་ ༢ སྐུ་སྲོག་ཤོར་ཡོད་པ་དང་། གཞན་གཅིག་གི་གནས་སྟངས་ཇི་ཆགས་ཤེས་རྟོགས་ཐུབ་མེེད། རྒྱ་གཞུང་གི་མ་ཉེས་ཁ་གཡོག་གི་སྲིད་བྱུས་འོག་བོད་མི་མང་དག་ཅིག་ལ་བཙོན་འཇུག་བཀག་ཉར་དང་། དེ་མིན་བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་ཇི་ཙམ་བསད་ཡོད་མེད་དང་། བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་ཡོད་མེད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་དཀའ་ལ། བོད་མི་འདས་གསོན་གང་ཡིན་དང་། ས་གནས་གང་ཞིག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་མེད་དེ་བས་ཀྱང་ཤེས་རྟོགས་དཀའ་བར་འགྱུར་བཞིན་ཡོད།
ཕྱི་ལོ་ ༢༠༠༨ ལོའི་ལྷ་སའི་ཞི་རྒོལ་སྐབས་རྒྱ་གཞུང་གིས་གསོད་རྨས་རང་བཞིན་ཅན་གྱི་མཚོན་ཆ་སྤྱད་མེད་པའི་རྫུན་བསྒྲགས་བྱས་ཡོད་ནའང་། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གིས་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ཞིབ་དཔྱད་བྱས་པའི་ < ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་གསལ་འབྱེད་ཡིག་ཆ་ > ཞེས་པའི་ནང་ཁུལ་སྤྲད་པའི་གསང་བའི་ཡིག་ཆ་ཞིག་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༠ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ལག་སོན་བྱུང་ཡོད་པའི་ནང་། ལྷ་ས་གྲོང་ཁྱེར་དུ་བོད་མིའི་ཞི་རྒོལ་སྐབས་རྒྱ་དམག་གིས་གསོད་རྨས་རང་བཞིན་ཅན་གྱི་མཚོན་ཆ་སྤྱད་དེ་ཞི་རྒོལ་བྱ་ཡུལ་ས་ཆ་སོ་སོར་བོད་མི་མང་པོ་དམར་གསོད་བཏང་བའི་ཞིབ་ཕྲའི་གྲངས་ཐོ་ཁ་གསལ་བཀོད་ཡོད་པའི་དཔང་རྟགས་ཐོན་ཡོད། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་གང་ཡང་མེད་ཁར་ད་དུང་བོད་ཀྱི་ས་ཕྱོགས་གང་སར་དམ་དྲག་ཆེ་རུ་འགྲོ་བཞིན་པ་དང་། འདས་པའི་ཟླ་དྲུག་ནང་མི་རིགས་བསྲེ་སླད་བྱ་རྒྱུའི་བརྒྱུད་སྐུལ། གནས་རི་རྩ་ཆེན་སོགས་ནས་གཏེར་ཁ་བསྔོག་འདོན་དང་འབྲེལ་བོད་མིར་གཅར་བརྡུང་། འབྲི་རུའི་དྲིལ་བསྒྲགས་ལག་དེབ་ཟེར་བ་ཁྱབ་བསྒྲགས། བོད་ཁུལ་ཆུ་རགས་ལ་བདག་སྲུང་ཚུལ་མཐུན་མ་བྱས་པའི་ཉེན་ཚབས། སྲིད་ཁྲིམས་རྟོག་ཞིབ་དང་སྒྲིག་ཁྲིམས་ཞིབ་བཤེར་ལ་ཁ་གཡར་ཏེ་བོད་མིར་ཆེད་དུ་སུན་གཙེར་བཟོས་པ། བོད་ཀྱི་སྲོལ་རྒྱུན་དུས་སྟོན་ཁག་ལ་ཚད་བཀག་དང་དམ་དྲག དེང་རབས་བརྡ་འཕྲིན་ལ་ཞིབ་བཤེར་དང་འབྲེལ་གནས་ཚུལ་དངོས་རྣམས་ཤེས་རྟོགས་ཡོང་ཐབས་ཀྱི་བརྒྱུད་ལམ་རྣམས་བཀག་སྟེ། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་བོད་མི་མང་པོ་མུ་མཐུད་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་མ་ཟད།
ཉེ་ཆར་རྒྱུ་རྐྱེན་ཁ་གསལ་གང་ཡང་མེད་པའི་ཐོག་སྡེ་དགེ་འདན་མ་ཤུག་པ་སྡེ་པའི་སྡེ་དཔོན་དབང་གྲགས་འཛིན་བཟུང་བྱས་པ་དང་འབྲེལ་ཉེས་མེད་བོད་མིའི་ཐོག་རྒྱ་གཞུང་གི་དམག་མིས་མེ་མདའ་བརྒྱབ་སྟེ་མི་གྲངས་མང་པོའི་ཚེ་སྲོག་ཕྲོགས་པ་དང་། རྨས་སྐྱོན་བཏང་བ། འཛིན་བཟུང་བཀག་ཉར་བྱས་པ་སོགས་ཆེས་ཛ་དྲག་པའི་གནས་སྟངས་སུ་ལྷུང་ཡོད། གཞན་ཡང་རྒྱལ་ཕྱིའི་བོད་རིགས་སྤུན་ཟླ་ཁྲི་ཚོ་ ༢༠ ཡི་འཚོ་གནས་ལ་དོ་ཁུར་བྱེད་རྒྱུ་ཡིན་ལུགས་སོགས་ཕྱིར་སྡོད་བོད་མི་རྣམས་བོད་ནང་འགུགས་ཐབས་ཀྱི་ཟོལ་སྦྱོར་གཡོ་ཇུས་འདྲ་མིན་གྱི་འཕྲུལ་སྣང་བསྟན་དང་སྟོན་བཞིན་པ་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མེད་པའི་འགོ་ཁྲིད་དང་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་འདིའི་འོག བོད་ནང་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༤ ཟླ ༤ ཚེས ༡༥ བར་སེར་སྐྱ་ཕོ་མོ་ ༡༣༠ ཡིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་སྟེ། “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས།“ སོགས་མགྲིན་དབྱངས་གཅིག་གྱུར་གྱིས་སྐད་འབོད་གནང་སྟེ། འབོད་སྒྲ་སྒྲོག་བཞིན་པ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་བསྒྲུབ་རྒྱུར་འབད་བརྩོན་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན།
གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ལས་འགུལ་སྤེལ་རིམ་བཞིན་བྱེས་སུ་འཁོད་པའི་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ། མི་སྒེར་སོགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཐོག སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་ ༣ པ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་རིམ་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་ཡོད་ལ། རྒྱལ་སྤྱིའི་ཁྱོན་ནས་ཀྱང་བོད་དོན་ཐོག་རྒྱལ་ཁབ་མང་པོས་གཞུང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། བསྒྲགས་གཏམ་སྤེལ་བ། སེམས་འཚབ་ཡོད་པའི་གཏམ་བཤད་གནང་བས་མཚོན་རྒྱ་ནག་གཞུང་ལ་བོད་ནང་དུ་དམ་དྲག་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་འདུན་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་ཡོད།
བོད་ནང་གི་ད་ལྟའི་དཀའ་སྡུག་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་དང་འགྲོ་བཞིན་པ་བཅས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་།
གྲོས་ཆོད།
༡༽ བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་རྒྱ་གཞུང་གི་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་སྦྲགས། ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོའི་འཚམས་འདྲི་དང་། དམ་པ་ཁོང་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་སླར་ཡང་བོད་ཁ་བ་གངས་ཅན་གྱི་ཞིང་དུ་མྱུར་དུ་སྐྱེ་བ། རྒྱའི་དམ་དྲག་བཀག་བསྐྱིལ་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་རྒྱ་ཆེ་ཞུ་རྒྱུ།
༢༽ རྒྱ་ནག་གི་འགོ་འཁྲིད་ཚོས་དངོས་ཐོག་བདེན་འཚོལ་ཞེས་བརྗོད་བཞིན་ཡོད་པ་ལྟར། ད་ལྟའི་འགོ་ཁྲིད་གསར་པ་དག་གིས་ལག་བསྟར་དོན་འཁྱོལ་གྱིས་བོད་མིས་རང་ལུས་མེར་བསྲེགས་བྱེད་དགོས་དོན་དང་། ཁོང་ཚོའི་ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེེས་པར་དུ་ཞིབ་འཇུག་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་བྱེད་བཞིན་པའི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟང་པོ་དམ་འཛིན་བགྱིས་ཏེ་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་ནན་བརྗོད་བྱ་རྒྱུ།
༣༽ འཛམ་གླིང་གི་དབུ་ཁྲིད་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་བཀྲོལ་གནང་སྟེ། བོད་མིའི་དགོས་འདུན་རྣམས་འགྲུབ་ཐབས་དང་བོད་མིའི་ཚེ་སྲོག་སྐྱོབ་ཐབས་བཅས་ལ་ནུས་ཐོན་གྱི་འགན་འཁུར་འཕྲལ་མར་ལེན་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ།
༤༽ ད་ཕན་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་དང་། བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན་པ་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོ་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱིས་འཚེ་མེད་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། བྱེ་བྲག་དེང་སྐབས་བོད་ནང་གི་ཛ་དྲག་དཀའ་ངལ་རྣམས་འཕྲལ་ནས་མྱུར་དུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་བཞིན་ཡོང་བ་ཞུ་རྒྱུ། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་ཡོང་བའི་འབོད་བསྐུལ་བསྐྱར་ནན་དུ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ལ།།