༢༠༡༤ ཟླ་ ༩ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༤ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་བ་རྣམ་པ་དང་། སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། སློབ་ཕྲུག་རྣམ་པར་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་ཚང་མས་མཁྱེན་གསལ་རེད། ཕྱི་ཟླ་ ༩ ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཐོག་བོད་མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁར། ཕ་གཅོད་པ་ཚེ་རིང་ལགས་དང་། མ་གདུགས་དཀར་མཚོ་ལགས་གཉིས་ཀྱི་བུ་རང་ལོ་ ༢༢ ལ་སོན་པའི་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ད་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ ༡༣༡ བྱུང་ཡོད་ཁོངས་ནས་ ༡༡༣ འདས་གྲོངས་སུ་ཕྱིན་ཡོད། རང་ལུས་མེར་སྲེག་གི་གནས་ཚུལ་ད་དུང་མུ་མཐུད་འཐོན་བཞིན་པ་དེར་བོད་མི་སུ་ཞིག་ཡིན་རུང་རང་བཞིན་གྱི་བློ་འཚབ་དང་བློ་ཕམ་ཡོང་གི་ཡོད། དེས་བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་ཡོད་པ་ཧ་ཅང་གསལ་པོ་རེད།
དེ་བཞིན་རྒྱལ་སྤྱིའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཤེས་པའི་ཐོག་ནས་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་འཐོན་བཞིན་ཡོད། ཕྱོགས་མཚུངས་རྒྱལ་ཁབ་ཁག་ནས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་སྟོན་བཞིན་ཡོད། དཔེར་ན། ཕྱི་ཟླ་ ༧ པའི་ནང་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་བཞག་སྟེ། བོད་ནང་གསར་འགོད་པ་དང་གཞུང་ཚབ་མི་སྣ་འགྲོ་བསྐྱོད་བཅུག་དགོས་པའི་གྲོས་ཆོད་བཞག་ཡོད་པ་དང་། ཕྱི་ཟླ་ ༩ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་འཚོགས་བཞིན་པའི་སྐབས། ཨ་རི་དང་། དབྱིན་ཡུལ། ཡུ་རོབ། ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་འདུག་ཅེས་བོད་དོན་ཐོག་གླེང་སློང་གནང་འདུག དེ་བཞིན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་རཱ་སི་ཝལ་ (Sarah Sewall) མཆོག་ཨ་རི་གྲོས་ཚོགས་ནང་ཕེབས་ཏེ། བོད་ནང་ཆོས་དད་རང་དབང་མེད་ལུགས་སྐོར་གླེང་སློང་གནང་འདུག ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་ཕེབས་པའི་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་དོན་ཐོག་གང་ཙམ་གླེང་སློང་བྱུང་བ་མ་ཟད། བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་རྒྱ་ནག་གི་མཁས་པ་མང་པོ་ཞིག་གིས་གསར་འགྱུར་དང་བརྙན་འཕྲིན་བརྒྱུད་ལམ་ཁག་ནང་རྒྱ་གར་དང་རྒྱ་ནག་གཉིས་ལ་ཕུགས་རྒྱང་རིང་པོར་གནས་རྒྱུར་བོད་ཀྱི་དཀའ་རྙོག་དེ་སེལ་དགོས་ཀྱི་ཡོད་སྐོར་གསུངས་འདུག
ཉེ་ཆར་ང་རང་ལྡི་ལིར་ཉིན་གཅིག་རིང་བཅར་དགོས་བྱུང་བ་ཚང་མས་མཁྱེན་གསལ་རེད། ད་ལན་རྒྱ་གར་ནང་དེ་སྔ་བྱུང་མ་མྱོང་བའི་དམིགས་བསལ་ཚོགས་ཆེན་ཞིག་སྐོང་ཚོགས་གནང་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་མངའ་སྡེ་ཁག་ཉི་ཤུ་རྩ་གསུམ་གྱི་ཆོས་ལུགས་འདྲ་མིན་དགུའི་བླ་ཆེན་དང་མཁས་དབང་། སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༠༣ ལྷག་མཉམ་ཞུགས་གནང་འདུག ལྷན་ཚོགས་འདི་བཞིན་བརྙན་འཕྲིན་ཁག་ནས་གཟིགས་ཡོད་ངེས་རེད། ཚོགས་འདུ་འདིའི་གཟི་བརྗིད་ནི་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་དགུའི་བླ་ཆེན་སོགས་ས་གནས་གཅིག་ལ་འདི་ལྟ་བུ་མཉམ་འཛོམས་བྱེད་ཐུབ་རྒྱུ་དེ་༸གོང་ས་མཆོག་མ་གཏོགས། རྒྱ་གར་གྱི་ཆོས་དང་སྲིད་ཀྱི་དབུ་ཁྲིད་སུ་ཞིག་ཡིན་རུང་སྐོང་ཚོགས་གནང་ཐུབ་རྒྱུ་ཁག་པོ་ཡིན་པ་ཧ་ཅང་གསལ་པོ་རེད། ༸གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་ཆེད་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་མུས་ཡིན་པ་ལྟར། ཐེངས་འདིར་མགོན་པོ་གང་ཉིད་མཆོག་གིས་མགྲོན་འབོད་ལྟར་བླ་ཆེན་མང་པོ་ཞིག་ཚོགས་ཆེན་འདིའི་ཐོག་མཉམ་ཞུགས་གནང་བ་ཐེངས་དང་པོ་ཆགས་པ་དེ་གཟི་བརྗིད་རེད། ཆོས་ལུགས་འདྲ་མིན་གྱི་ཚོགས་ཆེན་འདིའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་རྗེས། རྒྱ་གར་གྱི་མངའ་སྡེ་ཁག་གཞན་ནས་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་གཅིག་གིས་ང་ཚོ་ཡིན་ནའང་ཚོགས་འདུ་འདིར་བཅར་གྱི་ཡིན། ཞེས་དང་ལངས་ཐོག་ཞུ་མཁན་མང་པོ་བྱུང་ཡོད་སྐོར་གོ་ཐོས་བྱུང་། འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་ནས་རྒྱ་གར་ནང་ཚོགས་འདུ་འདི་ལྟ་བུ་ཞིག་ཚོགས་ཐུབ་པ་རེད།
དེ་བཞིན་ཚང་མས་མཁྱེན་གསལ་ལྟར། ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ནང་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆེས་མཐོའི་མི་སྣའི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱང་ཐུབ་མིན་གྱི་གནས་ཚུལ་བྱུང་བར་བརྟེན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཆེས་མཐོའི་མི་སྣ་བཞི་ལྷོ་ཨ་ཕི་རི་ཀའི་ལྷན་ཚོགས་ཐོག་བཅར་གྱི་མིན་ཞེས་རྣམ་འགྱུར་བསྟན་འདུག བཀའ་ཤག་གི་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་བདག་ཉིད་ཆེན་པོ་གཱན་དྷིའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨི་རན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ (Ms. Shirin Ebadi) མཆོག་དང་། ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ (Ms. Jody Williams) མཆོག ལ་ཡི་བྷེ་རི་ཡ་ནས་ཡིན་པ་བུད་མེད་ཐོབ་ཐང་དང་ཞི་བདེ་གནས་དགོས་ཀྱི་འདུག་གསུང་མཁན་ལྕམ་སྐུ་ལི་མ་ཇི་བྷོ་ཝི་ (Ms. Leymah Gbowee) མཆོག་བཅས་ཁོང་གསུམ་བཞུགས་སྒར་རྡ་སར་ཕེབས་ཀྱི་ཡོད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ལོ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་གི་ཡོད་པར་བརྟེན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་འདིར་ཕེབས་རོག་ཞེས་གདན་འདྲེན་ཞུས་པ་ལྟར། ཁོང་རྣམ་པ་འདི་གར་མཛད་སྒོར་ཕེབས་སྐབས་མི་དམངས་ངོས་ནས་ཀྱང་གང་མང་མཉམ་ཞུགས་གནང་རྒྱུར་ཡིད་ཆེས་ཡོད།
ལྷག་པར་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༤ ནས་ ༢༥ བར་གནས་མཆོག་རྡོ་རྗེ་གདན་དུ་ བཀའ་དྲིན་ཆེ་བ་སྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པ་འདི་ང་ཚོ་ཚང་མ་བསྐལ་པ་ཧ་ཅང་བཟང་པོ་ཡིན་པ་རྩི་བཞིན་ཡོད། ད་རེས་བརྒྱུད་ལམ་འདི་བརྒྱུད་ནས་བོད་མི་ཡོངས་དང་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་དང་བརྩི་བཀུར་ཞུ་མཁན་ཡོངས་ལ་མཁྱེན་རྟོགས་ཆེད་བཀའ་ཤག་ནས་གསལ་བསྒྲགས་ཞུ་བཞིན་ཡོད། དུས་འཁོར་དབང་ཆེན་ཐེངས་ ༣༤ གོ་སྒྲིག་གཙོ་འགན་ཆོས་རིག་ལས་ཁུངས་ཀྱིས་ཞུས་ཐོག་ཆོས་རིག་དང་བདེ་སྲུང་བཀའ་བློན་མཆོག་གིས་དབུས་ཚོགས་ཆུང་ཞིག་དམིགས་བཙུགས་ཀྱིས་ལས་གཞི་སྤེལ་གྱི་རེད། འདི་ཚང་མས་མཁྱེན་པ་གནང་རོགས་ཞུ་རྒྱུ་དང་ཆབས་ཅིག་དེ་རིང་འདིར་འཛོམས་དགོས་དོན་ཚང་མས་མཁྱེན་གྱི་ཡོད།
བློ་ཕམ་པའི་གནས་ཚུལ་ཞིག་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དགོས་ཀྱི་འདུག་ཅེས་ཐུགས་སྣང་ཆེན་པོ་གནང་མཁན་རང་ལོ་ ༢༢ ཡིན་པ་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་བོད་མིའི་རང་དབང་དང་། བོད་ཀྱི་རྩ་དོན་ཆེད་སོ་སོའི་རྩ་ཆེ་བའི་ལུས་སྲོག་བློས་བཏང་ཡོད། ད་བར་རང་ལུས་མེར་སྲེག་གཏོང་མཁན་ཁྱོན་མི་གྲངས་ ༡༣༡ བྱུང་བ་རྣམས་དང་། དེ་བཞིན་བོད་ཀྱི་རྩ་དོན་ཆེད་སྐུ་ལས་སྐྱོན་མཁན་ཡོངས་སུ་རྫོགས་པས་ད་བར་གནང་བ་དེ་དག་རླབས་ཆེན་ཞིག་ལ་རྩི་བཞིན་ཡོད། བོད་ཀྱི་ལོ་རྒྱུས་ནང་འཁོད་རྒྱུ་ཡིན་པ་མ་ཟད། སུས་ཀྱང་སུབ་མི་ཐུབ་པའི་གནད་དོན་ཞིག་ཆགས་ཡོད། ལྷག་པར་མི་རབས་ནས་མི་རབས་བར་ཚང་མས་ཡིད་ལ་བཞག་དགོས་པ་མ་ཟད། ཁོང་རྣམ་པས་སྙིང་སྟོབས་དང་ལྡན་པའི་ཐོག་ནས་བོད་ཀྱི་རྩ་དོན་ཆེད་རང་གི་ལུས་སྲོག་བློས་བཏང་གནང་བ་རྣམས་ཡིད་ལ་བཞག་སྟེ་ཚང་མས་བོད་སྤྱིའི་རྩ་དོན་ལ་འགན་འཁུར་ལེན་དགོས་ཀྱི་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གཞི་བཟུང་རྡོག་རྩ་གཅིག་སྒྲིལ་ཐོག་སྐུ་ལས་བསྐྱོན་ཏེ་ཁོང་རྣམ་པའི་མངོན་འདོད་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་ཐུབ་ཐབས་དང་། བོད་མིར་རང་དབང་བསྐྱར་གསོ་ཡོང་ཐབས་ཞུ་རྒྱུར་ཕྱར་གྲུ་མཉམ་འདེགས་དང་ལྷན་ཚང་མས་ཐུགས་སྨོན་གནང་རོགས། ཞེས་གསུང་བཤད་གནང་ཡོད།།