༢༠༡༤ ཟླ་ ༩ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཉེ་ལམ་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་ཆར་ཞོད་ཧ་ཅང་ཆེན་པོ་བྱུང་ནས་ཆུ་ལོག་གི་དོན་རྐྱེན་འོག་མི་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། སྡོད་ཁང་དང་ས་ཞིང་སོགས་མི་རྒྱུ་གཉིས་ལ་གོད་ཆགས་ཚབ་ཆེ་ཕོག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༠ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་དུལྷཱ་ Chief Minister Omar Abdullah མཆོག་ལ་སེམས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། མགོན་པོ་གང་ཉིད་མཆོག་གིས་ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་རྣམས་ལ་བློ་ཕམ་ཆེན་པོ་མཛད་བཞིན་པ་དང་། ལྷག་པར་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་མཛད་པ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་མཛད་པ་དང་སྦྲགས། ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ནས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཆུ་ལོག་ངལ་སེལ་གྱི་ཐེབས་རྩ་བརྒྱུད་ངལ་སེལ་མྱུར་སྐྱོབ་ཆེད་ཞལ་འདེབས་གསོལ་རས་སྩལ་འདུག ཕྱོགས་མཚུངས་གསུང་འཕྲིན་ནང་མངའ་སྡེ་གཞུང་གིས་ཆུ་ལོག་ནང་ཚུད་པའི་ཡུལ་མི་རྣམས་སྐྱོབ་ཐབས་དང་གོད་ཆག་ཕོག་མི་རྣམས་ཀྱི་ཟས་གོས་གནས་མལ་སོགས་ཀྱི་རོགས་རམ་རྒྱ་ཆེ་གནང་བཞིན་པར་བསྔགས་བརྗོད་ཀྱང་མཛད་འདུག