ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༩ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན།
ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ཏུ་སྐོང་ཚོགས་གནང་བའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུ་གྲོལ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་རྣམས་ཡུ་རོབ་རྒྱ་རིགས་གྲོགས་པོ་ཚོས་གདན་ཞུས་ཀྱིས་སྣེ་ལེན་གནང་བ་ལྟར། ཁ་ལུང་དང་། པོ་ཨན། ཧྲིང་ལི་སྦའོ། ཨའེ་ཁོ་ལན་སི་བཅས་སུ་ཐག་ཉེའི་ས་ཁུལ་གྱི་རྩོམ་པ་པོ་དང་། ཤེས་ཡོན་ཅན། མང་གཙོ་དོན་གཉེར་བ་བཅས་རྒྱ་རིགས་གྲོགས་པོ་ཁག་གཅིག་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་མ་འོངས་པར་བོད་རྒྱ་མང་ཚོགས་དབར་གྱི་འབྲེལ་ལམ་ལ་སྐུལ་འདེད་དང་ཡར་རྒྱས་གཏོང་ཕྱོགས་ཇི་དགེའི་སྐོར་ལ་ཕན་ཚུན་གོ་བསྡུར་གནང་ཡོད།
སྐབས་དེར་བཙན་བྱོལ་བོད་མི་ཚོས་དེང་དུས་མང་གཙོའི་ལམ་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་དང་། ཁྲིམས་སྒྲིག་གཏན་འབེབས་གནང་མཁན་སྤྱི་འཐུས་འོས་བསྡུའི་བརྒྱུད་རིམ་སྐོར། གང་འདྲ་བྱས་ནས་བོད་རྒྱ་མང་ཚོགས་དབར་གྱི་འབྲེལ་ལམ་སྐུལ་འདེད་རྒྱ་སྐྱེད་གཏོང་དགོས་མིན་ཐད་བསམ་འཆར་བརྗེ་རེས་གནང་། རྒྱ་རིགས་གྲོགས་པོ་ཚོས། འདས་པའི་དུས་ཡུན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབད་བརྩོན་དང་། འབོད་སྐུལ་ཡང་ཡང་མཛད་པར་བརྟེན་ནས་བོད་རྒྱ་མང་ཚོགས་དབར་ཕན་ཚུན་འབྲེལ་ལམ་དང་མཉམ་ལས་བྱེད་རྒྱུའི་ལས་དོན་ལ་མངོན་གསལ་དོད་པོའི་ཡར་རྒྱས་ཕྱིན་ཡོད་ཀྱང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཀྱི་མི་འབོར་ནི་ས་ཡ་ ༤༠ ཙམ་ཟིན་གྱི་ཡོད་སྟབས། ད་དུང་ཡང་བོད་རྒྱ་མང་ཚོགས་ཀྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མིག་སྔའི་ཁོར་ཡུག་དང་། ད་ལྟའི་རྨང་གཞིའི་ཐོག་ཚོགས་པ་ག་རེ་ཡིན་མིན་དང་། མི་སྣ་ཆེ་ཆུང་ཇི་ཡིན་ལ་མ་ལྟོས་པར། རྒྱ་རིགས་སྔར་ལས་མང་བས་བོད་ཀྱི་གནད་དོན་ཤེས་པ་བཟོ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་ངོས་འཛིན་གནང་། རྒྱ་རིགས་ཁག་གཅིག་གིས་དགོངས་འཆར་བཏོན་གསལ། རྒྱ་རིགས་ཚོར་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱིས་མཚོན་བཀའ་འདྲི་དགོངས་སྐོར་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་མཇལ་མོལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཚམས་འདྲི་གཟིགས་སྐོར་བྱེད་རྒྱུའི་གོ་སྐབས་སྔར་བཞིན་བསྐྲུན་རྒྱུ་དེ། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེ་ལྟར་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མ་ཟད། རྒྱ་རིགས་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་པ་བཟོ་རྒྱུར་ཡང་ཕན་ཐོགས་ཡོད་པ་ཞིག་ཡིན་པའི་དགོངས་འཆར་གནང་། ཡང་རྒྱ་རིགས་ཁག་གཅིག་གིས་མ་འོངས་པར་བོད་རྒྱ་མང་ཚོགས་དབར་འབྲེལ་མོལ་ལས་དོན་གཞི་རྒྱ་ཆེ་རུ་གཏོང་དགོས་པ་དང་། རྒྱ་རིགས་ལ་འབྲེལ་བ་བྱེད་མཁན་ལས་བྱེད་མང་དུ་བཏང་ནས་རྒྱ་རིགས་སྔར་ལས་མང་བར་བོད་ཀྱི་དངོས་ཡོད་གནས་ཚུལ་དང་། བོད་མིའི་མངོན་འདོད་དང་། ལངས་ཕྱོགས་ངོ་སྤྲོད་བྱེད་དགོས་པའི་དགོངས་འཆར་གནང་ཡོད།
བཞུགས་མོལ་ཚོགས་འདུའི་སྐབས་རྒྱ་རིགས་རྩོམ་པ་པོ་ཚོས་བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་དང་། སྤྱི་འཐུས་འོས་བསྡུ་བྱེད་པའི་བརྒྱུད་རིམ་གང་འདྲ་ཡིན་མིན་ཐུགས་སྣང་ཆེན་པོས་འདྲི་བ་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་རྒྱ་རིགས་འབྲེལ་མཐུད་པ་ཚོས་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་སྔོན་འགྲོ་དང་། དངོས་གཞིའི་འོས་བསྡུ། འོས་ཆོས་ཆ་རྐྱེན། དབུས་འོས་བསྡུ་ལས་ཁང་ནས་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བོད་མི་གནས་ཡུལ་ས་གནས་ཡོངས་རྫོགས་ཀྱི་འོས་བསྡུའི་ལས་དོན་ལ་གང་འདྲ་བྱས་ནས་སྟངས་འཛིན་ལམ་སྟོན་གནང་གི་ཡོད་པ། དེ་བཞིན་འོས་གྲངས་གྲངས་བཤེར་དང་། མཐའ་མའི་ཕྱོགས་སྡོམ་གང་འདྲ་བྱས་ནས་གནང་གི་ཡོད་པ་སོགས་ཞིབ་ཕྲའི་བརྒྱུད་རིམ་ཆ་ཚང་ངོ་སྤྲོད་ཞུས་པར། ཁོང་ཚོ་ཡིད་དབང་ཆེན་པོ་འཕྲོག་སྟེ། བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུའི་སྐོར་གྱི་རྩོམ་ཡིག་རྒྱས་པོ་ཞིག་འབྲི་རྩོམ་གྱིས་མི་ལོ་ ༥༠ ལྷག་ཙམ་གྱི་བཙན་བྱོལ་བོད་མིའི་མང་གཙོའི་གྲུབ་འབྲས་རྣམས་རྒྱ་ཆེའི་རྒྱ་རིགས་ཀློག་པ་རྣམས་ལ་ངོ་སྤྲོད་གནང་རྒྱུ་ཡིན་ཞེས་གསུངས།
ང་ཚོའི་ཕྱོགས་ནས་རྩོམ་པ་པོ་ཁོང་ལ་དགའ་བསུ་དང་འབྲེལ་ཐེ་ཝན་གྱི་དགེ་རྒན་ཆེན་མོ་སུ་ཅཱ་ཧོང་གིས་བརྩམས་པའི་《བཙན་བྱོལ་ནང་གི་མང་གཙོ།》དང་། 《མང་གཙོའི་འགྱུར་འགྲོས་ནི་བཙན་བྱོལ་ནང་འགྲོ་གི་ཡོད།》 ཅེས་པའི་རྒྱ་ཡིག་གི་དཔེ་དེབ་གཉིས་དང་། དབུས་འོས་བསྡུ་ལས་ཁང་གི་འགན་དབང་ངོ་སྤྲོད་རྒྱ་ཡིག་ནང་ཡོད་པ་རྒྱབ་ལྗོངས་ཡིག་ཆའི་ཚུལ་དུ་མཁོ་འདོན་བྱས། བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུའི་སྐོར་གྱི་རྩོམ་ཡིག་ཞིབ་རྒྱས་ཤིག་ལོ་འདིའི་ནང་ཐོན་ཐུབ་པའི་རེ་བ་ཡོད།
ཐེངས་འདིའི་བཞུགས་མོལ་ཚོགས་འདུར་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་གསུམ་དང་། ཕྱི་འབྲེལ་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་འཇམ་དབྱངས་ལགས། སྦེལ་ཇམ་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལགས། དེ་བཞིན་ཧོང་ཀོང་ནས་ཡིན་པའི་དམངས་གཙོའི་འཐབ་ཕྱོགས་ཚོགས་པའི་དྲུང་ཆེ་གྲན་ལན་ཁུན་བཅས་མཉམ་ཞུགས་གནང་ཡོད། ཐེངས་འདིར་ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ཏུ་སྐོང་ཚོགས་གནང་བའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུ་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྡུ་སྐོང་གནང་ཞིང་། ཡུ་རོབ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གྲ་སྒྲིག་གནང་བ་ཞིག་ཡིན། ཚོགས་འདུ་ཉིན་དང་པོ་སྟེ། ཕྱི་ཟླ་ ༨ ཚེས་ ༢༧ ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་བཅར་ཡོངས་ལ་བཀའ་སློབ་དང་གསུང་བཤད་གནང་ཡོད།