༢༠༡༤ ཟླ་ ༩ ཚེས་ ༥ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ད་ལྟའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་གཏོགས་སུ་གྲོང་སྡེ་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣ་འདེམས་བསྐོ་བྱེད་ཀྱི་ཡོད་སྐོར་གཞུང་འབྲེལ་བརྒྱུད་ལམ་ནང་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཏེ། མི་དམངས་ནས་འདེམས་བསྐོ་བྱེད་ཀྱི་ཡོད་པའི་འུད་སྒྲོགས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་གྲོང་མི་ཨུ་ཡོན་ལྷན་ཁང་གི་འོས་བསྡུའི་སྐབས་སུ་འོས་མིར་ཆ་རྐྱེན་ཧ་ཅང་མང་པོ་འདོན་གྱི་ཡོད་པ་མ་ཟད། སྤྱི་ཡོངས་ཀྱི་བོད་མི་གནས་ཡུལ་གྱི་ས་ཁུལ་གང་སར་དེང་སྐབས་ལས་བྱེད་གསར་བསྡུ་བྱེད་རྒྱུའི་ཆ་རྐྱེན་ཚང་མའི་ནང་རྒྱལ་ཁབ་ཕྱིར་སྤུན་མཆེད་ཉེ་འབྲེལ་ཡོད་རིགས་ལས་བྱེད་འདེམས་སྒྲུག་ནང་ཞུགས་མི་ཆོག་པའི་ཆ་རྐྱེན་འདོན་བཞིན་ཡོད་འདུག་ཅིང་། ཉེ་དུས་མངའ་རིས་ས་ཁུལ་དུ་སྤེལ་བའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་འོས་མིའི་ཆ་རྐྱེན་ཁག་གི་ནང་།
ཏྰ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་གཉེར་བའི་རྒྱལ་ཁབ་ཕྱིའི་གསུང་ཆོས་ལ་ཞུགས་མྱོང་བ་དང་། རྒྱལ་ཁབ་ཕྱི་དང་འབྲེལ་བ་ཡོད་པ། སྤུན་མཆེད་དང་བུ་ཕྲུག་ཏཱ་ལའི་རུ་ཚོགས་ཀྱི་སྒྲིག་འཛུགས་ནང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ཕྱིར་ཁ་དཔར་སོགས་ཐོག་འབྲེལ་བ་ཡོད་པ། རྒྱལ་ཁབ་ཕྱིའི་དགོན་པའི་ནང་གྲྭ་བཙུན་བྱེད་བཞིན་ཡོད་པ། ཁ་བྲལ་སྟོབས་ཤུགས་ཀྱི་བཙུགས་པའི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་མཁན་གྱི་མི་སྣ་ཡོད་པའི་རིགས་གྲོང་སྡེ་ཨུ་ཡོན་ལྷན་ཁང་གི་འོས་མིའི་ནང་ཞུགས་མི་ཆོག་པའི་ཆ་རྐྱེན་བཏོན་ཡོད་པ་མ་ཟད། ལྷག་པར་ད་རེས་མངའ་རིས་ས་ཁུལ་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་འོས་མི་བསྡུ་བའི་ཆ་རྐྱེན་ཁོངས་རྒྱལ་ཁབ་ཕྱིར་མ་ཡིན་པའི་རྒྱལ་ཁབ་ནང་ཁུལ་གྱི་ཞིང་ཆེན་གཞན་པའི་ཁོངས་ཡོད་པའི་དགོན་སྡེ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་། གསེར་རྟ་དགོན། ཡ་ཆེན་དགོན་བཅས་སུ་གནས་མཇལ་དང་ཆོས་སྦྱོང་མྱོང་མཁན་ཁག་གྲོང་མི་ཨུ་ཡོན་ལྷན་ཁང་གི་འོས་མིའི་ནང་ཞུགས་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད། སི་ཁྲོན་ཞིང་ཆེན་ཁོངས་སུ་གནས་པའི་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་སོགས་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་གྲགས་ཅན་གྲས་ཞིག་ཡིན་པ་མ་ཟད། ད་ལྟའང་སི་ཁྲོན་ཞིང་ཆེན་ཁོངས་སུ་མུ་མཐུད་སློབ་གཉེར་གྱི་སྒོ་མོ་ཕྱེ་སྟེ་ཡོད་མུས་ཐོག་རྒྱ་རིགས་དོན་གཉེར་ཅན་མང་པོས་ཀྱང་ནང་ཆོས་སློབ་གཉེར་བྱ་ཡུལ་གཙོ་བོའི་གྲས་ཤིག་ཆགས་ཡོད་པ་དེ་དག་ལ་བོད་རང་སྐྱོང་ལྗོངས་ཁོངས་སུ་གནས་མཇལ་དུ་ཕྱིན་པ་ཙམ་གྱིས་ཁྲིམས་འགལ་དུ་བརྩི་བའི་སྲིད་བྱུས་དེ་དག་ནི་ཡོངས་སུ་རྒྱབ་འགལ་དུ་སོང་བ་ཞིག་ཆགས་ཡོད།།