༢༠༡༤ ཟླ་ ༩ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཐུན་མོང་གི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་ངམ་རིང་བློ་བཟང་བསྟན་དར་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་བོད་ཀྱི་ཚིག་མཛོད་སྣེ་མང་ཕྱོགས་བསྒྲིགས་ཀྱི་མཉེན་ཆས་དབུ་འབྱེད་གནང་འདུག
དེ་ཡང་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས༌ལྷག་རྡོར་ལགས། ཤེས་རིག་ཐ་སྙད་གཏན་འབེབས་ལས་འཆར་འགན་འཛིན་ཀརྨ་སྨོན་ལམ་ལགས། ཚིག་མཛོད་ཕྱོགས་བསྒྲིག་གནང་མཁན་ངམ་རིང་བློ་བཟང་བསྟན་དར་ལགས། དེ་བཞིན་སྐད་བསྒྱུར་ཟབ་སྦྱོང་གི་སློབ་ཕྲུག་རྣམས་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་ཁག་གཅིག གསར་འགོད་པ་བཅས་ཁྱོན་བསྡོམས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་ཐོག་ཤེས་རིག་ཐ་སྙད་གཏན་འབེབས་ལས་འཆར་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་གསུང་དོན། དབྱིན་བོད་ཚིག་མཛོད་གསར་བ་དེ་ ༢༠༠༠ ལོར་པར་སྐྲུན་བྱས་རྗེས་སོ་སོའི་ཉམ་མྱོང་གི་ཆ་ནས་དབྱིན་བོད་ཚིག་མཛོད་གསར་པར་བསྐྱར་ཞིབ་དང་ཁ་སྣོན་གྱིས་ཡར་རྒྱས་སུ་གཏོང་རྒྱུ། དེ་ལས་གལ་ཆེ་བ་ཞིག་ནི་ཚིག་མཛོད་འདིའི་ནང་ཚིག་མང་པོ་ཞིག་དབྱིན་ཇིའི་ཚིག་གི་སྐད་དོད་ལྟ་བུ་བཞག་ཡོད་པའི་སྐབས་སུ། མང་པོ་ཞིག་ར་འཕྲོད་ཀྱི་ཡོད་ལ། མང་པོ་ཞིག་དོགས་པའི་ངང་དུ་ཡོད་པ་དང་མང་པོ་ཞིག་གསར་དུ་བཟོས་པ་ཡང་ཡོད། གང་ལྟར་བློ་བཟང་བསྟན་དར་ལགས་ཀྱིས་ཚིག་མཛོད་འདི་ཁྲོམ་ལ་བཀྲམས་ཏེ། སྒེར་གྱི་ཁེ་ཕན་ཡོང་རྒྱུའི་དམིགས་ཡུལ་མེད་པར་ཤེས་རིག་ལས་ཁུངས་ནས་རིན་མེད་ཐོག་འགྲེམས་སྤེལ་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་ཚིག་མཛོད་ཕྱོགས་སྒྲིག་གནང་མཁན་ངམ་རིང་བློ་བཟང་བསྟན་དར་ལགས་ཀྱིས་གསུང་བཤད་གནང་དོན། ཚིག་མཛོད་འདིའི་ནང་དུ་ཆེ་ཆུང་མ་འདྲ་བའི་ཚིག་མཛོད་ ༡༣ ཡོད་ཁོངས་ནས་གཙོ་བོ་ནི། བོད་ཀྱི་ཚིག་མཛོད་ཆེན་མོ་ཡིན་པ་དང་འདིའི་ནང་དུ་ཕལ་ཆེར་ཚིག་སྟོང་ཕྲག་ ༦༠ ཙམ་ཡོད། འདི་ནི་ ༡༩༩༠ ནས་ཚིག་བསགས་ཏེ་གྲུབ་པ་ཞིག་བོད་ནང་ནས་ཐོན་པའི་ཚིག་མཛོད་ཡག་ཤོས་དེ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་རེད། དེའི་ནང་ནས་གནས་ཚུལ་མང་པོ་ཞིག་བདེན་པ་མ་ཡིན་པ་དང་། ང་ཚོ་རང་དབང་ལུང་པར་ཡོད་མཁན་རྣམས་ཀྱིས་གནས་ཚུལ་གསལ་བཤད་བྱེད་དགོས་པའི་གོ་སྐབས་ཤིག་དང་བྱེད་དགོས་པ་ཞིག་སྔོན་མ་ནས་མཐོང་གི་ཡོད། ལོ་ ༡༥ ལྷག་གི་དུས་ཚོད་བཏང་ནས་ཉམས་ཞིབ་དང་གསོག་སྒྲུབ་བྱས་པ་རེད། བཀའ་ཤག་དང་དཔེ་མཛོད་འགན་འཛིན་སྔོན་མ། ཤེས་རིག བོད་ཕྲུག་ཁྱིམ་སྡེ་སོགས་སུ་འདི་ལྟ་བུའི་ཚིག་མཛོད་ཅིག་བཟོས་ན་ག་འདྲ་འདུག་སྐོར་ཞུས་མྱོང་ཡོད་ཀྱང་། ལམ་སང་རྒྱབ་སྐྱོར་ཐོབ་པ་དཀའ་ལས་ཁག་པོ་ཡིན་པས་དུས་ཚོད་མང་པོ་ཞིག་འགོར་སོང་། མཐར་ཤེས་རིག་ལས་ཁུངས་ཀྱི་རྒྱབ་སྐྱོར་ཐོབ་ནས་གྲུབ་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གནང་དོན། དེང་སང་འཛམ་གླིང་ནང་འཐབ་རྩོད་མང་པོ་ཞིག་ཡོང་གི་ཡོད
འཐབ་རྩོད་བྱེད་སྟངས་ལ་ (hard power and soft power) གྲི་དང་མེ་མདའ། མེ་སྒྱོགས་འཁུར་ནས་དབང་ཆ་བེད་སྤྱོད་བྱས་ནས་འཐབ་རྩོད་བྱེད་པའི་ལམ་ཞིག་དང་། རིག་གཞུང་གིས་འཐབ་རྩོད་བཅས་གཉིས་ཀྱི་སྒང་ལ་འགྲོ་གི་ཡོད། དྲག་པོའི་འཐབ་རྩོད་དེ་ གནའ་སྔ་མོའི་བྱེད་སྟངས་ཡིན་པ་དང་། དེང་སང་དེའི་དུས་ཚོད་ཡོལ་ཚར་བ་རེད། དེང་སྐབས་རྒྱལ་ཁ་ཐོབ་དགོས་ན། ཤེས་ཡོན་གྱི་ཐོག་ནས་རྒྱལ་ཁ་ཐོབ་དགོས། ང་ཚོ་བོད་པ་མི་འབོར་མི་ཉུང་ཉུང་ཞིག་ལ་འཛམ་གླིང་གིས་མཐོང་ཆེན་བྱེད་ཀྱི་ཡོད་སྟབས། ང་ཚོས་ཀྱང་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང།
སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། ང་ཚོའི་མི་རིགས་ཀྱི་ངོ་བོ་སྐད་དང་ཡི་གེ རིག་གཞུང་སོགས་ཛ་དྲག་གི་གནས་སུ་ལྷུང་ཡོད་སྟབས། མ་འོངས་པར་ང་ཚོས་བོད་མི་རིགས་ཀྱི་རིག་གཞུང་དེ་དག་སྔར་ལྷག་ཉར་ཚགས་བྱེད་རྒྱུར་བོད་མི་མི་རེ་ངོ་རེ་ནས་འགན་འཁུར་དང་བསམ་བློ་གཏོང་དགོས་རྒྱུ་གནད་འགག་ཆེན་པོ་ཆགས་ཡོད། ང་རང་སྒེར་ངོས་ཀྱིས་མཐོང་ཚུལ་ལ། ད་ལྟའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་མང་དག་ཅིག་གིས་བག་མེད་ཀྱི་འཚོ་བར་མགོ་གཡེང་སྟེ་དུས་ཚོད་སྐྱེལ་བཞིན་ཡོད་པར་བརྟེན། བོད་མི་རིགས་ཀྱི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་རྒྱུས་མཚོན་དོན་ཆེན་ཁག་ལ་དོ་སྣང་བྱེད་དགོས་རྒྱུར་ལྷོད་གཡེང་འགྲོ་བཞིན་འདུག མདོར་ན། ང་ཚོས་བོད་པའི་རིག་གཞུང་དང་སྐད་ཡིག་མ་བརླག་པའི་སྐོར་ལ་བསམ་བློ་རྒྱ་ཆེ་ཙམ་བཏང་སྟེ། འབད་བརྩོན་བྱེད་རྒྱུ་ནི་ང་ཚོ་ཚང་མའི་འགན་འཁྲི་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།