༢༠༡༤ ཟླ་ ༩ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་མཧཱ་ར་ཤི་ཊ་མངའ་སྡེའི་མུམ་བྷེའི་ (Mumbai) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་(TWPM) ཞེས་པའི་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ལས་འགུལ་ཚོགས་པས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་འདུག དེ་ཡང་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཚོགས་པ་འདི་བཞིན་མུམ་བྷེའི་ནང་གནས་སྡོད་རྒྱ་གར་གྱི་རྩོམ་པ་པོ་དང་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་ཧོ་སེན་བྷར་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་ཆེད་བཙུགས་གནང་བ་ནས་བཟུང། རྒྱལ་སྤྱིའི་མང་ཚོགས་ཁྲོད་ཚོགས་པ་དེའི་རྗེས་སུ་མཇུག་མཁན་ཁྱོན་མི་གྲངས་འབུམ་ལྔ་བྱུང་ཡོད་པ་མ་ཟད། ད་ལྟའི་ཆར་ཚོགས་པ་དེས་གོ་སྒྲིག་འོག་འཛམ་གླིང་ས་ཕྱོགས་གང་སར་སྤེལ་བཞིན་པའི་ཞི་བདེ་སྲུང་སྐྱོབ་ཀྱི་ལས་འགུལ་རྣམས་གྲུབ་འབྲས་ལྡན་ཤོས་ཤིག་ལ་ངོས་འཛིན་ཐོག་གོང་ཚེས་ཉིན་ཚོགས་པ་དེས་གོ་སྒྲིག་འོག་ཁུལ་དེར་འཛམ་གླིང་འདིའི་ནང་ཞི་བདེ་དང་ཆོས་ལུགས། ཤེས་ཡོན་སོགས་ཀྱི་ཐོག་ལ་གཟེངས་སུ་ཐོན་པའི་བྱས་རྗེས་རླབས་ཆེན་འཇོག་མཁན་གྱི་མི་སྣར་ཆེ་བསྟོད་ཀྱི་དམིགས་བསལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ལས་རིམ་ཞིག་ཁུལ་དེའི་མཐོ་རིམ་སློབ་ཕྲུག་ ༥༠༠ བརྒལ་བ་མཉམ་ཞུགས་གནང་སྟེ་ཚོགས་འདུག
གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ཁོངས་སུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བུད་མེད་ཀྱི་ཤེས་ཡོན་རྩོད་ལེན་པ་མ་ལཱ་ཡུ་སེལ་ལགས་དང་། སྤྱི་ཚོགས་ལས་འགུལ་བ་ཨ་ནཱ་ཧཱ་ཛ་རི་ལགས་སོགས་སྙན་གྲགས་ཅན་གྱི་མི་སྣ་ཁག་གཅིག་གི་མཚན་འདེམས་སྒྲུག་གནང་འདུག་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་གཟེངས་རྟགས་བཞེས་མཁན་མི་སྣ་ཁག་གཅིག་དངོས་སུ་ཕེབས་ཐུབ་མེད་པར་བརྟེན། ལས་རིམ་དེའི་ཐོག་འཛམ་གླིང་ནང་མཛེ་ནད་རིག་དུག་རྩ་བཀོག་ཆེད་འབད་བརྩོན་གནང་བཞིན་པའི་སྨན་པ་ (AKR) ལགས་དང་། ལྕམ་སྐུ་ཁེ་ཤར་ལགས་གཉིས་ཆེད་ཕེབས་དང་འབྲེལ་མེས་པོ་དམ་པ་གྷན་ངྷིའི་ཚ་བོ་ཏུ་ཤར་གྷན་ངྷི་ལགས་དང་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཀྱི་ལས་འགུལ་ཚོགས་པ་གསར་འཛུགས་གནང་མཁན་ཧོན་སེན་བྷར་རྣམས་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་དམིགས་བསལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་སྐོར་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་འདུག